ཤེར་འཕེལ་ལགས་བཙོན་དུས་གཙང་ནས་བཙོན་གྲོལ་བྱུང་འདུག


2017.02.17
ཤེར་འཕེལ་ལགས་བཙོན་གྲོལ་བྱུང་རྗེས་ཀྱི་པར། ཤེར་འཕེལ་ལགས་བཙོན་གྲོལ་བྱུང་རྗེས་ཀྱི་པར།
བོད་འབྱོར།

གསེར་རྟ་རྫོང་གི་ཆབ་སྲིད་བཙོན་པ་ཤེར་འཕེལ་ལགས་ལོ་བཞི་དང་ཟླ་བ་བཅུ་ཡི་རིང་བཙོན་འཇུག་རྗེས་གློད་གྲོལ་བཏང་འདུག
དེང་སྐབས་རྒྱ་ནག་གཞུང་གིས་ཟི་ཁྲོན་ཞིང་ཆེན་གྱི་ཁོངས་སུ་དབྱེ་བའི་གསེར་རྟ་རྫོང་དུ་དེ་སྔ་༢༠༡༢ ལོའི་ཕྱི་ཟླ་དང་པོའི་ཚེས་ ༢༣ ཉིན་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེ་བསྲེགས་གཏོང་རྒྱུ་ཡིན་ལུགས་ཀྱི་ཡིག་ཆ་ཞིག་ཁྱབ་སྤེལ་བྱུང་ཞིང་།  ཉིན་དེར་བོད་མི་མང་པོ་གསེར་རྟ་རྫོང་ཐོག་ཏུ་འཛོམས་ཏེ་གལ་ཏེ་རང་ལུས་མེར་བསྲེགས་བཏང་པའི་གནས་ཚུལ་འབྱུང་ཚེ་མེར་བསྲེགས་གཏོང་མཁན་གྱི་སྐུ་ཕུང་རྒྱ་མིའི་ཉེན་རྟོག་པའི་ལག་ཏུ་མ་ཤོར་བ་བྱེད་དགོས་ལུགས་སོགས་གོ་བསྡུར་བྱུང་ཡོད་པ་དང་། རྒྱ་ནག་ཉེན་རྟོག་པ་ཚོས་ཀྱང་དྲག་གནོན་གྱི་གྲ་སྒྲིག་ཨང་སར་བྱས་ཡོད་པ་རེད། འོན་ཀྱང་ཉིན་དེར་འདི་འདྲ་བའི་ཛ་དྲག་གི་གནས་ཚུལ་བྱུང་མེད་ཀྱང་། གསེར་རྟ་རྫོང་ཁོངས་ནས་ཡིན་པའི་བོད་མི་ཤེས་འཕེལ་ལགས་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་ཀྱིས་ལོ་བཞི་དང་ཟླ་བ་བཅུ་རིང་བཙོན་འཇུག་བྱས་ཏེ་ཕྱི་ལོ་ ༢༠༡༦ ལོའི་ཕྱི་ཟླ་ ༡༡ ཚེས་ ༢༥ ཉིན་གློད་ཀྲོལ་བཏང་བའི་སྐོར་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིག་མེད་ལགས་ལ་བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་བ་ཞིག་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་འདུག
མགོ་ལོག་འཇིགས་མེད་ལགས་ཀྱིས། རྒྱ་ནག་གིས་བོད་ནང་དམ་དྲག་གི་རྐྱེན་པས་གནས་ཚུལ་དུས་ཐོག་ཕྱི་ལ་འབྱོར་མ་ཐུབ་པ་དང་། དེང་སང་ཡང་དམ་དྲག་གི་དབང་གིས་དོ་བདག་དང་འབྲེལ་ཡོད་ལ་འབྲེལ་བ་བྱེད་མི་ཐུབ་པར་བརྟེན། ཁོང་གི་སྐུ་གཟུགས་ཀྱི་འཕྲོད་བསྟེན་གནས་སྟངས་དང་། བཙོན་ཁང་གང་ནས་གློད་གྲོལ་ཐོབ་པའི་སྐོར་སོགས་རྩད་གཅོད་ཐུབ་ཀྱི་མེད་སྐོར་བརྗོད་འདུག
ཤེར་འཕེལ་ལགས་ནི་དཀར་མཛེས་ཁུལ་གསེར་རྟ་རྫོང་བཞུ་མར་ཡུལ་ཚོ་འོན་བཟའ་སྡེ་པ་ནས་ཡིན་པ་རེད།
ཤེར་འཕེལ་ལགས་འཛིན་བཟུང་བྱས་པའི་ཕྱི་ཉིན་མོ་སྟེ་ཕྱི་ལོ་༢༠༡༢་ལོའི་ཕྱི་ཟླ་དང་པོའི་ཚེས་༢༤་ཉིན་གསེར་རྟ་རྫོང་ཐོག་ཏུ་བོད་མི་ཚོས་རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་པ་དང་། བོད་ལ་རང་དབང་དགོས་ལུགས་སྐད་འབོད་ཞི་རྒོལ་གནང་སྐབས་རྒྱ་ནག་ཉེན་རྟོག་པས་མི་མང་ཁྲོད་གང་བྱུང་མེ་མདའ་བརྒྱབ་སྟེ། གསེར་རྟ་རྫོང་ཁོངས་ནས་ཡིན་པ་རང་ལོ་༢༥་ཅན་ཟླ་བ་གྲགས་པ་ལགས་དམར་བསད་དང་། དེ་མིན་བོད་མི་མང་པོར་རྨས་སྐྱོན་ཚབས་ཆེན་བཟོས་པ་མ་ཟད། ཉིན་དེར་བོད་མི་རྒན་གཞོན་༣༠་ཙམ་བཙན་ཁྲིད་བྱས་ཡོད་པ་རེད།

གསར་འགོད་པ་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎