ཟུར་ཚང་སྔགས་དགོན་གྱི་གྲྭ་བ་བྱམས་པ་ལགས་བཙོན་འཇུག་དུས་ཡུན་རྫོགས་ནས་གློད་གྲོལ་ཐོབ་པ།
2018.08.25
༄༅། །འདི་གར་ཁུངས་ལྡན་གནས་ཚུལ་ཡོང་ཁུངས་ཤིག་ནས་བརྗོད་ན། ཟླ་བ་འདིའི་ཚེས་༢༣ ཙམ་ལ་མཚོ་སྔོན་ཐེམ་ཆེན་ཅོང་ཆུ་གྲོང་བརྡལ་ཟུར་ཚང་གསང་སྔགས་བསྟན་རྒྱས་ནོར་བུ་གླིང་གི་གྲྭ་བ་བྱམས་པ་ལགས། ལོ་དྲུག་གི་དུས་ཡུན་རྫོགས་ཏེ་ཟི་ལིང་གི་བཙོན་ཁང་ཞིག་ནས་གློད་གྲོལ་བྱས་འདུག
ཚེས་༢༤ཙམ་ལ་ཕ་ཡུལ་དུ་འབྱོར་ཡོད་ནའང་། ཡུལ་མི་ཚོར་བསུ་བ་སོགས་བྱེད་དུ་བཅུག་མེད་པ་རེད། དེ་བཞིན་ཁོང་གི་ཕོ་བ་ཅུང་ན་གི་ཡོད་པ་ལས་གཞན་པའི་གནས་ཚུལ་གསལ་ཁ་མི་འདུག དེ་སྔོན་སྤྱི་ལོ་༢༠༡༣་ལོའི་སྤྱི་ཟླ་གཉིས་པའི་ནང་ཟུར་ཚང་སྔགས་དགོན་གྱི་གྲ་བ་བྱམས་པ་ལགས་དང་ཤེས་རབ་ལགས། དཔོན་ཕུན་ཚོགས་ལགས་གཙོས་པའི་བན་སྔགས་བདུན་བརྒྱད་ཙམ་འཛིན་བཟུང་བྱས་ཏེ་ལོ་དྲུག་ནས་ལྔ། བཞི་བཅས་རིམ་པ་འདྲ་མིན་གྱི་ཁྲིམས་ཆད་བཅད་དེ། ཟི་ལིང་གི་བཙོན་ཁང་ཞིག་ཏུ་བསྐྱལ་ཡོད་པ་དང་། དེ་དག་ཁྲོད་སྔགས་པ་ལོ་ལོན་ཞིག་ཡོད་པ་དེ་ན་ནིང་ལོར་བཙོན་ཁང་དུ་འདས་གྲོངས་ཕྱིན་ཡོད་པ་རེད་ཟེར། ཡིན་ནའང་ཁོང་གི་མཚན་ཤེས་རྟོགས་བྱེད་ཐུབ་མེད། དེ་སྔོན་ཟུར་ཚང་སྔགས་དགོན་གྱི་བན་སྔགས་དེ་དག་གིས་དགོན་པའི་ནང་ཆོས་དར་བཙུགས་པ་སོགས་ཀྱི་ནག་ཉེས་བགྲང་ནས་ཐེམ་ཆེན་རྫོང་མི་དམངས་ཁྲིམས་ཁང་ཟེར་བས་རྒྱལ་ཁབ་ཁ་བྲལ་དང་།སྤྱི་ཚོགས་གཏན་འཇགས་ལ་གཏོར་བརླག་བཏང་ཚུལ་གྱི་ཉེས་མིང་བཙུགས་ཏེ་ཁྲིམས་ཆད་བཅད་ཡོད་ཀྱང་། རྗེས་སུ་མང་ཚོགས་ཁྲོད་ན་ས་གནས་དེའི་བོད་རིགས་ལས་བྱེད་ཅིག་དང་དགོན་པའི་སྔགས་པ་ཞིག་གིས་ངན་ཇུས་བརྒྱུད་མི་སྣ་དེ་དག་ལ་མ་ཉེས་ཁ་གཡོགས་ཐེབས་པའི་བཤད་ཚུལ་ཞིག་ཀྱང་འདུག ཟུར་ཚང་གསང་སྔགས་བསྟན་རྒྱས་ནོར་བུ་གླིང་ནི་སྔ་འགྱུར་རྙིང་མའི་དགོན་ཆུང་ཞིག་ཡིན་ཞིང་། སྤྱི་ལོ་༡༩༢༧ལོར་ཟུར་ཚང་བླ་མ་ཧཱུཾ་ནག་མེ་འབར་ཚང་གིས་ཕྱག་བཏབ་པ་ཞིག་རེད།མཚོ་སྔོན་པོའི་ནུབ་ཕྱོགས་ཀྱི་ཐེམ་ཆེན་རྫོང་དང་རྒྱང་ཐག་སྤྱི་ལེ་བཞི་བཅུ་ལྷག་གི་ས་ན་ཡོད་འདུག
གསར་འགོད་པ་འགན་འཛིན་སྐལ་ལྡན་བློ་གྲོས།