བོད་མིའི་སྐུ་ཚབ་རྣམ་པ་གྷུའི་མེཊི་འགྲེམས་སྟོན་ཁང་གིས་འགན་འཛིན་དང་ལྷན་རིང་མིན་ཐུག་འཕྲད་རེ་བ་ཡོད།

ཉེ་ལམ་བོད་མི་མང་སྤྱི་འཐུས་དགེ་བཤེས་ལྔ་པ་གངས་རི་ལགས་དང་། ཚེ་རིང་དབྱངས་ཅན་ལགས། བསྟན་འཛིན་འཇིགས་བྲལ་ལགས་དང་བོད་མི་མང་ཡོ་རོབ་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས་བཅས་ལས་གྲུབ་པའི་བོད་མི་མང་སྐུ་ཚབ་ཚོགས་ཆུང་ཞིག་ཧྥ་རན་སིའི་རྒྱལ་ས་ཕ་རི་སི་ནང་གཞུང་འབྲེལ་ཕྱོགས་བསྐྱོད་དུ་ཕེབས་བཞིན་ཡོད་པ་བཞིན། ཟླ་བ་༡༠པའི་ཚེས་༢༡ཉིན་སྤྱི་འཐུས་རྣམ་པ་དང་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ནས། musee Quai Branly ཀྱི་ཚན་རིག་འགན་འཛིན་ Anne Solène Rolland ལགས་དང་མཇལ་འཕྲད་གནང་ཡོད་པ་དང་། མཇལ་འཕྲད་དེའི་སྐབས་བོད་ཀྱི་མིང་དེ་སྤྱི་ཚོགས་དྲ་ལམ་དང་འགྲེམས་སྟོན་ཁང་ནང་དུ་བསྐྱར་བཅོས་གནང་བར་བོད་མི་ཡོངས་གི་ཚབ་ཞུས་ཏེ་དགའ་མོས་དང་ཐུགས་རྗེ་ཆེ་ཞུ་བ་དང་། musee Guimet འགྲེམས་སྟོན་ཁང་དུ་ད་དུང་ཡང་བོད་ཀྱི་མིང་ཚབ་ཏུ་ཧི་མ་ལ་ཡའི་འཇིག་རྟེན་ཞེས་བེད་སྤྱོད་བྱེད་བཞིན་ཡོད་པར་བརྟེན་འགྲེམས་སྟོན་ཁང་དེའི་འགན་འཛིན་དང་ལྷན་ཕྱི་ཟླ་༡༡ནང་མཇལ་འཕྲད་ཐུབ་རྒྱུའི་རེ་བ་ཡོད་ཅེས། ཡོ་རོབ་བོད་མི་མང་སྤྱི་འཐུས་ཐུབ་བསྟན་རྒྱལ་མཚོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་བྱུང་།
དེ་ཡང་ཉེ་ལམ་ཧྥ་རན་སིའི་རྒྱལ་ས་ཕ་རི་སི་ནང་ཡོད་པའི་འགྲེམས་སྟོན་ཁང་ ( Musée Quai Branly ) འགྲེམས་སྟོན་ཁང་གིས་བོད་ཀྱི་དངོས་རྫས་དཀར་ཆག་ནང། བོད་ཅེས་པའི་ཚབ་ཏུ་ཤི་ཙང་རང་སྐྱོང་ལྗོངས་ (Xizang Autonomous Region) ཟེར་བའི་ཐ་སྙད་བེད་སྤྱོད་བྱས་པ་དང་། དེ་བཞིན་གྷུའི་མེཊི་ (musée Guimet) འགྲེམས་སྟོན་ཁང་གིས་བོད་ཀྱི་འགྲེམས་སྟོན་ཁང་གི་ཚབ་ཏུ་ཧི་མ་ལ་ཡའི་འཇིག་རྟེན་(Himalayan World) ཟེར་བ་སོགས་མིང་གསར་པ་བཏགས་པར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་འགྲེམས་སྟོན་ཁང་དེ་གཉིས་ཀྱི་མདུན་དུ་ངོ་རྒོལ་ལས་འགུལ་རིམ་པ་སྤེལ་ཡོད་པ་དང་བསྟུན། ཟླ་ ༩ ཚེས་ ༢༥ ཉིན་འགྲེམས་སྟོན་ཁང་ ( Musée Quai Branly ) ཡིས་ད་ཕན་ནོར་འཁྲུལ་གང་ཤོར་ངོས་ལེན་གྱིས་འགྲེམས་སྟོན་ཁང་གི་བོད་དང་འབྲེལ་བའི་དཀར་ཆག་དང་ནང་གསེས་དབྱེ་བ་གང་ཡོད་ལ་བོད་ཅེས་པའི་ཐ་སྙད་བསྐྱར་འགོད་གང་མགྱོགས་བྱ་རྒྱུ་ཁས་ལེན་གནང་ཡོད་པ་རེད། musee Guimet འགྲེམས་སྟོན་ཁང་མདུན་དུ་བོད་མི་རྣམས་ནས་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་རིམ་པའི་བརྒྱུད། འགྲེམས་སྟོན་ཁང་དེའི་འགན་འཛིན་དང་ལྷན་ཐུག་འཕྲད་ཀྱིས་བཀའ་མོལ་དགོས་རྒྱུའི་རེ་འདུན་བཏོན་ཡང་། ད་བར་ཡ་ལན་གང་ཡང་བྱས་མེད་པར་ལུས་ཡོད་ནའང་། ཡོ་རོབ་ནང་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་པའི་བོད་མི་མང་སྤྱི་འཐུས་རྣམས་ནས་གྷུའི་མེཊི་ (musée Guimet) འགྲེམས་སྟོན་ཁང་གིས་འགན་འཛིན་དང་ལྷན་རིང་མིན་ཐུག་འཕྲད་གནང་རྒྱུར་རེ་བ་ཡོད་སྐོར་ཡོ་རོབ་བོད་མི་མང་སྤྱི་འཐུས་ཐུབ་བསྟན་རྒྱལ་མཚོ་ལགས་ཀྱིས་གསུང་བྱུང་།
གསར་འགོད་པ། བསྟན་འཛིན་མཐར་འདོད།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།