བོད་མི་མང་སྤྱི་འཐུས་ཁག་གཅིག་གིས་ཨ་རིའི་ནང་གཞུང་འབྲེལ་གཟིགས་སྐོར།


2019.06.19
བོད་མི་མང་སྤྱི་འཐུས་སྐུ་ཚབ་ཁག་ཅིག་གིས་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་(Jim Mcgovern)དང་མཇལ་འཕྲད་སྐབས། ༢༠༡༩།༦།༡༨ བོད་མི་མང་སྤྱི་འཐུས་སྐུ་ཚབ་ཁག་ཅིག་གིས་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་(Jim Mcgovern)དང་མཇལ་འཕྲད་སྐབས། ༢༠༡༩།༦།༡༨
tibet.net

བོད་མི་མང་སྤྱི་འཐུས་སྐུ་ཚབ་ཁག་ཅིག་ཨ་རིའི་ནང་ཕྱོགས་ཕེབས་ཀྱིས་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་(Jim Mcgovern)དང་མཇལ་འཕྲད་གནང་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་པ་ལྟར་ན། ཨ་རིའི་སྐུ་ཚབ་དོན་གཅོད་ལས་ཁང་གི་གོ་སྒྲིག་འོག བོད་མི་མང་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་ལགས་དང་། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས། སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་ལགས། སྤྱི་འཐུས་ཚེ་རིང་ལྷ་མོ་ལགས་བཅས་ཀྱིས་ཕྱི་ཟླ་དྲུག་པའི་ཚེས་༡༨ཉིན་གྱི་སྔ་དྲོར་ཨ་རིའི་རྒྱལ་སར་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་(Jim Mcgovern)མཆོག་མཇལ་འཕྲད་གནང་བ་དང་འབྲེལ་གྲོས་ཚོགས་སུ་གཟིགས་སྐོར་གནང་ཡོད་ཅིང་། དེའི་ཉིན་རྒྱབ་ཏུ་སྤྱི་འཐུས་རྣམ་པ་ཚོས་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་(Sensenbrener)མཆོག་གི་ལས་བྱེད་གཙོ་བོ་(Matt Bisenius)སོགས་དང་མཇལ་འཕྲད་ཀྱིས་སྤྱི་འཐུས་རྣམ་པ་ཚོས་གཙོ་བོ་ཨ་རི་གཞུང་དམངས་ཀྱིས་བོད་ཀྱི་གནད་དོན་ཐོག་ད་བར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞེས་ཞུས་གནང་བ་དང་ཆབས་ཅིག་བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས་སོགས་ཀྱི་ཐད་གོ་བསྡུར་སྦྱངས་བཤད་ཞུས་ནས། དམིགས་བསལ་དེང་སྐབས་རྒྱ་ནག་གཞུང་གིས་བོད་ནང་གི་ཆོས་དད་རང་དབང་ལ་དེ་བས་དམ་དྲག་བཀག་སྡོམ་བྱེད་བཞིན་པའི་གནས་སྟངས་ཧ་ཅང་ཛ་དྲག་པོ་ཡོད་པའི་ཐོག་བོད་རིགས་སློབ་ཕྲུག་ཚོར་བོད་ཡིག་སློབ་སྦྱོང་བྱ་རྒྱུར་དམ་དྲག་བྱེད་བཞིན་པའི་ཁར། བོད་མིའི་སྲོལ་རྒྱུན་གྱི་འབྲོག་པའི་འཚོ་གནས་ལམ་སྲོལ་རྩ་མེད་བཟོ་ཐབས་བྱེད་བཞིན་པ་སོགས་རྒྱ་ནག་གཞུང་གིས་བོད་ནང་བོད་མིའི་ཆོས་དང་རིག་གཞུང་རྩ་མེད་བཟོ་ཐབས་ཀྱི་ཛ་དྲག་གནས་སྟངས་ཐད་ཨ་རིའི་གཞུང་དང་གྲོས་ཚོགས་ནས་ཐུགས་ཁུར་ཆེ་བཞེས་གནང་རྒྱུའི་སྐུལ་མ་གནང་ཡོད་པའི་ཁར། མ་འོངས་ཡང་ཨ་རིའི་གྲོས་ཚོགས་ནས་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་ཡོང་ཐབས་འབོད་སྐུལ་གནང་ཡོད་པ་རེད།
ཉིན་དེའི་ཕྱི་དྲོ་སྤྱི་འཐུས་རྣམ་པ་ཨ་རིའི་དམངས་གཙོ་ལྟེ་གནས་ཁང་གི་ས་གནས་འགན་འཛིན་གཞོན་པ་ལྕམ་(Sneha Moktan)དང་ཨེ་ཤི་ཡའི་ལས་འཆར་འགན་འཛིན་ལྕམ་(Raissa Hazell)སོགས་དང་མཇལ་འཕྲད་ཀྱིས་བཙན་བྱོལ་བོད་མིའི་དམངས་གཙོའི་འཕེལ་རིམ་སྐོར་ལ་དྲི་བ་དྲིས་ལན་གནང་ཡོད་པ་དང་། དེ་རྗེས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དུ་གཟིགས་སྐོར་དང་བོད་དོན་ལས་འགུལ་སྤེལ་ཕྱོགས་སྐོར་བསམ་ཚུལ་བརྗེ་རེས་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎