སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་རྒྱ་གར་དཔོན་རིགས་ཁག་ལ་ཞུ་སྐུལ་ལས་འགུལ་སྤེལ་གནང་ཡོད་འདུག

2022.04.08
སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་རྒྱ་གར་དཔོན་རིགས་ཁག་ལ་ཞུ་སྐུལ་ལས་འགུལ་སྤེལ་གནང་ཡོད་འདུག རྒྱ་གར་དབུས་གཞུང་གི་ཁྲིམས་ཀྱི་བློན་ཆེན་ཀི་རེན་རེ་ཇི་ཇུ་ (Shri. Kiren Rijiju, Cabinet Minister of Law and Justice) མཆོག་གིས་དབུས་བློན་ཆེན་ཁག་གིས་གཙོས་གནད་ཡོད་མི་སྣ་བཞི་བཅུ་ཞེ་གཉིས་ལ་ཐུག་འཕྲད་གནང་ཡོད་འདུག
Photo: RFA

སྤྱི་ལོ་༢༠༢༢ ཟླ་༤ ཚེས་༤ ནས་བརྒྱད་བར་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནང་རྒྱ་གར་གཞུང་གི་སྔོན་རྩིས་ཀྱི་གྲོས་ཚོགས་འཚོགས་པའི་སྐབས་དང་བསྟུན། བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་ལགས་ཀྱིས་སྣེ་འཁྲིད་པའི་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་དང་། སྤྱི་འཐུས་མཁན་པོ་ཀ་བྲགཿདངོས་གྲུབ་བསོད་ནམས་ལགས། སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་ལགས་བཅས་ལས་གྲུབ་པའི་ཚོགས་ཆུང་གིས་ངོས་ནས་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ཁག་དང་། གྲོས་ཚོགས་གོང་འོག་གི་འཐུས་མི། ལྷག་པར་དུ་རྒྱ་གར་དབུས་གཞུང་གི་ཁྲིམས་ཀྱི་བློན་ཆེན་ཀི་རེན་རེ་ཇི་ཇུ་ (Shri. Kiren Rijiju, Cabinet Minister of Law and Justice) མཆོག་གིས་དབུས་བློན་ཆེན་ཁག་གིས་གཙོས་གནད་ཡོད་མི་སྣ་བཞི་བཅུ་ཞེ་གཉིས་ལ་ཐུག་འཕྲད་གནང་ཡོད་འདུག དེ་ཡང་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་ལགས་ནས་རྒྱ་གར་ནང་ཆབ་སྲིད་མི་སྣ་འཕོ་འགྱུར་འགྲོ་རིམ་བཞིན་བོད་དོན་ཐད་གོ་རྟོགས་ཡོང་སླད་འབྲེལ་གཏུགས་དང་རྒྱུས་ལོན་བྱེད་དགོས་པ་གལ་ཆེན་ཡིན་པ་ངོས་འཛིན་བྱེད་བཞིན་ཡོད་ཅེས་གསུངས་སོང་།
བོད་མི་མང་སྤྱི་འཐུས་རྣམ་པས་བོད་ནང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་། བོད་པའི་ཆོས་དང་རིག་གཞུང་གི་གནས་བབས་དང་། ལྷག་པར་དུ་རྒྱ་དཀར་ནག་དབར་ཞི་བདེ་བརྟན་ལྷིང་ཡོང་བར་བོད་ཀྱི་དཀའ་རྙོག་སེལ་དགོས་པ་གལ་ཆེར་ཡིན་པ་སོགས་དོན་ཚན་བཞི་ཡི་ཐོག་ནས་ཞུ་གཏུགས་གནང་ཡོད་འདུག 
ད་ལན་བོད་མི་མང་གི་སྐུ་ཚབ་ཁག་གིས་རྒྱ་གར་གྱི་དཔོན་རིགས་རྣམས་དང་ཐུག་འཕྲད་སྐབས་ཚང་མས་སེམས་འཚབ་བྱེད་སྟངས་དང་། ལན་འདེབས་བྱེད་སྟངས་གང་ས་ཅི་ཐད་ནས་གྲུབ་འབྲས་ཆེན་པོ་ཞིག་ཐོན་ཡོད་པ་ངོས་འཛིན་བྱེད་བཞིན་ཡོད་ཅེས་གསུང་གི་འདུག ད་དུང་བོད་མི་མང་སྤྱི་འཐུས་རྣམ་པས་ཐེ་ཝན་གྱི་གཞུང་གི་སྐུ་ཚབ་དོན་གཅོད་གཙོས་གནད་ཡོད་དཔོན་རིགས་ཁག་ཅིག་ལའང་ཐུག་འཕྲད་བྱེད་ཐུབ་པ་འདིས་ཀྱང་རྒྱ་ནག་ལ་བརྡ་ལན་ཆེན་པོ་ཞིག་སྤྲད་ཐུབ་པ་བྱུང་ཡོད་ཅེས་གསུངས་སོང་།
གཞི་རྩའི་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་རྣམ་པས་སྤྱི་འཐུས་ཀྱི་དམ་འབུལ་བཞེས་རྗེས་རྒྱ་གར་དགུན་ཁའི་གྲོས་ཚོགས་འཚོགས་པའི་སྐབས་དང་བསྟུན་ཞུ་གཏུགས་ལས་འགུལ་སྤེལ་ཡོད་ཅིང་། དེ་བཞིན་སྤྱི་འཐུས་རྣམ་པ་ས་གནས་ཁག་ཏུ་ཕྱོགས་སྐྱོད་སྐབས་ས་གནས་སོ་སོའི་མངའ་སྡེའི་བློན་ཆེན་གཙོས་གནད་ཡོད་དཔོན་རིགས་ཁག་དང་ཐུག་འཕྲད་ཀྱིས་ས་གནས་སོ་སོའི་བདེ་སྡུག་དང་། དེ་བཞིན་བོད་དོན་དང་འབྲེལ་བའི་ཐད་ཞུ་སྐུལ་བྱས་ཡོད་པ་དང་། ཐེངས་འདིར་བོད་མི་མང་སྤྱི་འཐུས་ཚོགས་གཞོན་གྱིས་སྣེ་འཁྲིད་པའི་སྤྱི་འཐུས་རྣམ་པས་རྒྱ་གར་སྔོན་རྩིས་ཀྱི་གྲོས་ཚོགས་འཚོགས་པའི་སྐབས་དང་བསྟུན་རྒྱ་གར་གྲོས་ཚོགས་གོང་འོག །དེ་བཞིན་ཆབ་སྲིད་ཚོགས་པ་ཁག །བློན་ཆེན་ཁག་གིས་གཙོས་གནད་ཡོད་དཔོན་རིགས་མང་པོ་ཞིག་དང་ཐུག་འཕྲད་ཀྱིས་ཞུ་སྐུལ་གནང་ཡོད་འདུག

གསར་འགོད་པ། བློ་བཟང།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎