བོད་མིར་གདུང་སེམས་མཉམ་བསྐྱེད་ཡོང་བའི་འབོད་སྐུལ།
2011.10.17
༄༅།།བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བོད་མི་མང་སྤྱི་འཐུས་རྣམ་པས་ལྡི་ལིར་གཞུང་འབྲེལ་གྱི་སྒོ་ནས་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་ཤུགས་ཆེ་ཞིག་སྤེལ་གནང་གི་ཡོད་པ་རེད། དེའང་ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༡༣ ཉིན་ཚོགས་གཙོ་ཚོགས་གཞོན་གཉིས་དང་། སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས།དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས། ཨ་འབྲུག་ཚེ་བརྟན་ལགས་བཅས་སྔ་དྲོ་ལྡི་ལི་སྐུ་ཚབ་དོན་གཅོད་བསྟན་པ་ཚེ་རིང་མཆོག་བཅས་ལྷན་འཛོམས་ཀྱིས། ལྡི་ལིར་བཅའ་བཞུགས་ཕྱི་རྒྱལ་གཞུང་ཚབ་ཁང་དང་། རྒྱལ་སྤྱིའི་སྒྲིག་འཛུགས་གལ་ཆེན་ཁག་གི་སྐུ་ཚབ་ལས་ཁུངས་བཅས་ལ་མཇལ་འཕྲད་ཞུས་ནས་བོད་མིའི་བདེ་སྡུག་སྐོར་འགྲེལ་བརྗོད་གནང་རྒྱུ་དང་དེ་བཞིན་ལྡི་ལིའི་གཞིས་སྒར་བསམ་ཡས་གླིང་དུ་ཆེད་ཕེབས་ཀྱིས། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ལས་སྣེ་ལྷན་དུ་གཞུང་འབྲེལ་གྱི་གདུང་སེམས་མཉམ་སྐྱེད་ཀྱི་་ལས་འགུལ་གྱི་གྲ་སྒྲིག་གནང་རྒྱུའི་ལམ་སྟོན་གནང་རྒྱུ་ཡིན་པ་རེད། དེ་བཞིན་སྤྱི་འཐུས་རྣམ་པ་ཚོས་ལྡི་ལིར་བཅའ་བཞུགས་ཨི་ཊ་ལི་གཞུང་ཚབ་གཞོན་པ་དང། བྷེལ་ཇམ་གཞུང་ཚབ་གཞོན་པ་དང་། ཆབ་སྲིད་དྲུང་ཆེ་བཅས་པར་མཇལ་འཕྲད་གནང་སྟེ། ཉེ་ལམ་བོད་ནང་བོད་རིགས་གཞོན་སྐྱེས་ཚོས་གཅིག་མཇུག་གཉིས་མཐུད་ཀྱིས་བོད་མིའི་རང་དབང་གི་ཆེད་དུ་རང་ལུས་མེར་བསྲེགས་བཏང་བའི་ལས་འགུལ་སྤེལ་བཞིན་པའི་སྐོར་ལ་ངོ་སྤྲོད་གསལ་བཤད་གནང་རྒྱུ་དང་གཞན་ཡང་རྒྱ་གར་གྲོས་ཚོགས་འཐུས་མི་སི་ཨིམ་ཆང་དང། གོང་གསལ་སྤྱི་འཐུས་ཐོག་ཨཱཅརྱ་ཡེ་ཤེས་ཕུན་ཚོགས་དང་། བསོད་ནམས་རྒྱལ་མཚན། ཡེ་ཤེས་སྒྲོལ་མ་བཅས་ནས་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཟུར་པ་དང་གྲོས་ཚོགས་འཐུས་མི་ལས་ཐོག་ཡ་ཤི་ཝནཌ་སིན་ཧཱ་མཆོག་དང་མཇལ་འཕྲད་གནང་སྟེ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་དང་། གདུང་སེམས་མཉམ་བསྐྱེད་གནང་རྒྱུའི་འབོད་བསྐུལ་ཞུས་གནང་ཡོད་པ་རེད། ཕྱི་ཚེས་ ༡༥ ཉིན་ཚོགས་གཙོ་མཆོག་གིས་སྣེ་ཁྲིད་གནང་བའི་སྤྱི་འཐུས་རྣམ་པས་རྒྱ་གར་གྲོས་ཚོགས་འཐུས་མི་ཌི་ར་ཇཱ་དང། བྷི་རིཇ་བྷུ་ཤན་ཏི་ཝ་རི་མཆོག
ཨིན་ཌར་སིངྒ་ནམ་ཌ་རི་བཅས་དང་མཇལ་འཕྲད་གནང་།ཉིན་དེར་སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་དང། ཨ་འབྲུག་ཚེ་བརྟན་གཉིས་ལྡི་ལིར་ནི་ཇམ་མུ་ཏི་རུ་ཡོད་པའི་ཁ་ཆེའི་ཕྱག་ཁང་དུ་བླ་ ཆེན་ཕ་རིཌ་ཨྷ་མཏ་ནི་ཇམ་མི་མཆོག་དང་མཇལ་འཕྲད་ཞུས་གནང་སྟེ། བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་གསལ་བཤད་དང་སྦྲགས། དབུ་ཁྲིད་རྣམ་པ་ཚོའང་ལས་འགུལ་སྤེལ་ཡུལ་དུ་གསུང་བཤད་གནང་རྒྱུར་གདན་ཞུས་ ལྟར་ཕེབས་རྒྱུའི་ཞལ་བཞེས་ཀྱང་ཐོབ་ཡོད་པ་སོགས་ཀྱི་གནས་ཚུལ་ཐོན་བཞག༎༎།