དཀར་མཛེས་ཁུལ་གྱི་ཕུར་བུ་ཚེ་རིང་རིན་པོ་ཆེའི་ཐོག་བློ་འཚབ།
2009.04.24
༄༅༎དེ་རིང་བཙན་བྱོལ་བོད་མི་དམངས་སྤྱི་འཐུས་ལྷན་ཁང་གིས་བོད་ཀྱི་དཀར་མཛེས་ས་ཁུལ་ནས་ཡིན་པ་ཕུར་བུ་ཚེ་རིང་རིན་པོ་ཆེ་ཞུ་བར་ན་ནིང་གི་བོད་ནང་ཞི་བའི་རྔམ་སྟོན་ངོ་རྒོལ་དང་འབྲེལ་བའི་གོ་མཚོན་ཉར་འཇོག་གི་ཉེས་འཛུགས་བྱས་པའི་ཐད་ཧ་ཅང་གི་བློ་འཚབ་ཆེན་པོ་ཡོད་པ་མ་ཟད་རྒྱ་ནག་གཞུང་གིས་ཁོང་ལ་ཁུངས་ལུང་མེད་པའི་ཉེས་འཛུགས་བྱས་པའི་ནག་ཉེས་འཕྲལ་དུ་ཕྱིར་འཐེན་བྱ་དགོས་ཞེས་ཛ་དྲག་གི་འབོད་སྐུལ་ཞུས་ཡོད་པ་རེད།
དགུང་གྲངས་ལྔ་ཅུ་ང་གཉིས་ལ་ཕེབས་པའི་ཕུར་བུ་ཚེ་རིང་རིན་པོ་ཆེ་ནི་བོད་ཀྱི་དཀར་མཛེས་ཁུལ་གྱི་བླ་ཆེན་གྲས་ཡིན་ཞིང་ན་ནིང་དཀར་མཛེས་ཁུལ་དུ་བཙུན་མ་བརྒྱད་ཅུ་ལྷག་གིས་ཞི་བའི་རྔམ་སྟོན་ངོ་རྒོལ་བྱས་པའི་ཉིན་ཤས་རྗེས་ཕྱི་ཟླ་ལྔ་པའི་ཚེས་བཅོ་བརྒྱད་ཉིན་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པ་ཡིན་ཞིང་དེ་རིང་རེས་གཟའ་མིག་དམར་ཉིན་ཁོང་ལ་གོ་མཚོན་ཉར་འཇོག་བྱས་པའི་ནག་ཉེས་ཉེས་འཛུགས་འོག་ཁྲིམས་བཤེར་བྱས་ཏེ་པེ་ཅིང་ནང་རྟེན་གཞི་བྱས་པའི་ཁོང་གི་ཁྲིམས་རྩོད་པ་ལི་ཕང་ཕིང་ཡིས་ཨེ་པི་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས་གལ་ཏེ་རིན་པོ་ཆེ་ལ་ནག་ཉེས་ཉེས་འཛུགས་བྱས་པ་བཞིན་ར་སྤྲོད་བྱུང་བ་ཡིན་ཚེ་ཁོང་ལ་བཙོན་འཇུག་གི་ལོ་ཚད་ཉེས་ཆད་ཐག་གཅོད་བྱ་སྲིད་པའི་སྐོར་བཤད་ཡོད་པ་རེད། དེར་བརྟེན་བཙན་བྱོལ་བོད་མི་དམངས་སྤྱི་འཐུས་ལྷན་ཁང་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ་ན་ནིང་ཕྱི་ཟླ་ལྔ་པའི་ནང་དཀར་མཛེས་ཁུལ་དུ་ཕུར་བུ་ཚེ་རིང་རིན་པོ་ཆེའི་བཙུན་དགོན་ཞིག་གི་བཙུན་མ་བརྒྱད་ཅུ་ལྷག་གིས་ངོ་རྒོལ་བྱེད་པའི་སྐབས་ཁོང་གིས་མེ་མདའ་དང་མདེའུ་བདག་ཉར་བྱས་པའི་ཉེས་འཛུགས་བྱས་པ་དེ་ནི་ཁུངས་ལུང་མེད་པ་དང་སྐབས་དེ་དུས་བཙུན་མ་ཚོས་ཞི་བའི་ལས་འགུལ་ཁོ་ན་སྤེལ་བ་ཞིག་ཡིན་པ་དང་རིན་པོ་ཆེ་བཙོན་ཁང་ནང་དུ་མི་ཆོས་ལས་འདས་པའི་སྡུག་སྦྱོང་དང་མནར་གཅོད་མྱོང་བཞིན་པ་མ་ཟད་ཁོང་གི་ནང་མི་རྣམས་ཀྱང་ས་གནས་གཞུང་གིས་འཇིགས་སྐུལ་དང་དམ་བསྒྲགས་འོག་གནས་བཞིན་ཡོད་པའི་གནས་སྟངས་ལ་བློ་འཚབ་ཡོད་པའི་སྐོར་གསུང་ཡོད་པ་རེད།