སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པ་དབུ་འཛུགས་གནང་འདུག
2018.09.18
སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པ་བཞུགས་སྒར་རྡ་རམ་ས་ལར་དབུ་འཛུགས་གནང་འདུག
དེ་ཡང་སྤྱི་ལོ་༢༠༡༨་ཟླ་༩་ཕྱི་ཚེས་༡༨་ཉིན། བོད་མི་མང་སྤྱི་འཐུས་ཚོགས་གཙོ་བསོད་ནམས་བསྟན་འཕེལ་མཆོག་དང་། ཚོགས་གཞོན་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་བཀའ་བློན་རྣམ་པ་དང་། ཆོལ་གསུམ་ཆོས་ལུགས་དང་བཅས་པའི་བོད་མི་མང་སྤྱི་འཐུས་རྣམ་པ་ལྷན་འཛོམས་ཀྱིས་གྲོས་ཚོགས་ཚོགས་དུས་དྲུག་པ་དབུ་འཛུགས་གནང་ཡོད་ཅིང་། གྲོས་ཚོགས་ཀྱི་ཚོགས་འདུ་ཉིན་གྲངས་བཅུའི་རིང་གནང་རྒྱུ་ཡིན་པ་རེད།
ཚོགས་འདུའི་དབུ་འབྱེད་གསུང་བཤད་ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཚོགས་འདུའི་བརྒྱུད་རིམ་ནང་བཙན་བྱོལ་བོད་མིའི་རྩ་ཁྲིམས་ལེའུ་༣་པའི་དགོངས་དོན་བོད་དོན་བདེན་མཐའ་གསལ་ཐབས་དང་ བཙན་བྱོལ་བའི་སྤྱི་ཚོགས་ཀྱི་བདེ་ཐབས། བོད་མིའི་སྒྲིག་འཛུགས་ཀྱི་གྲུབ་ཆའི་གཙོ་བོ་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ཐབས་བྱུས་ཡང་དག་པ་ལ་འབད་བརྩོན་གནང་རྒྱུ་དང་ ལྷག་པར་དུ་གྲོས་ཚོགས་ཀྱི་འཐུས་མི་ཚོས་འཛིན་སྐྱོང་གི་ཕྱག་ལས་ལ་རྣམ་སྤྱོད་ལྡན་པའི་སྒོ་ནས་རྒྱབ་སྐྱོར་གནང་དགོས་ཀྱི་ཡོད་པ་དང་། དམིགས་བསལ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལམ་སྟོན་གཞིར་བཟུང་ཚང་མས་ནུས་པ་མཉམ་སྤུངས་གནང་དགོས་ཀྱི་རེད་ཅེས་གསུང་འདུག
གསར་འགོད་པ་དབྱངས་སྒྲོན།