བོད་མི་མང་གྲོས་ཚོགས་ཀྱི་ཚོགས་དུས་དགུ་བ་དབུ་འཛུགས།
2015.03.16
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པ་གངས་སྐྱིད་གྲོས་ཚོགས་ཁང་ནང་དབུ་འཛུགས་གནང་འདུག
དེ་ཡང་སྐབས་༡༥་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ཐེངས་དགུ་པ་ཕྱི་ཟླ་༣་ཚེས་༡༦་ཉིན་དབུ་བཙུགས་ཀྱིས། ཕྱི་ཟླ་༣ཚེས་༢༨་བར་བཞུགས་བཞག་ཉིན་གྲངས་༡༣་ཙམ་གྱི་རིང་བཞུགས་སྒར་རྡ་རམ་ས་ལའི་གངས་སྐྱིད་སྤྱི་འཐུས་ཚོགས་ཁང་དུ་་སྐོང་ཚོགས་གནང་གི་ཡོད་པ་དང་། ཚོགས་འདུར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་དབུས་སྤྱི་འཐུས་རྣམ་པ་དང་། སྲིང་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་བཀའ་བློན་རྣམ་པ། དེ་བཞིན་ཟུར་ཉན་དུ་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་དང་། གྲོས་ཚོགས་ལས་རིམ་ལ་དོ་སྣང་ཡོད་རིགས་བཅས་ཕེབས་ཡོད་འདུག
ཚོགས་འདུ་དབུ་འཛུགས་ཐོག་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཚོགས་འདུ་དབུ་འབྱེད་ཀྱི་གཏམ་བཤད་ནང་། ཉེ་ལམ་གྲོལ་མ་ཐག་པའི་རྒྱ་ནག་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐོག རྒྱ་གཞུང་གིས་ངོས་འཛིན་གནང་བའི་པཎ་ཆེན་རྒྱལ་མཚན་ནོར་བུས། བོད་ཁུལ་གྱི་དགོན་པ་ཁག་གི་ནང་དམ་དྲག་བྱེད་ཤུགས་ཆེ་དྲགས་པ་དང་། གྲྭ་བའི་གྲངས་འབོར་མང་དུ་གཏོང་དགོས་པ་སོགས་ཀྱི་སྐོར་ནས་དོན་ཚན་ཁག་ཅིག་ཡར་ཞུ་གནང་ཡོད་པ་དང་། མ་འོངས་པར་གྲུབ་འབྲས་ཐོན་མིན་ལ་མ་ལྟོས་པར་ཡར་ཞུ་བྱེད་ས་ཞིག་ཡོད་པ་དེ་ཡག་པོ་རེད་ལ། གྲོས་གཞི་དེ་བརྒྱུད་ནས་བོད་ནང་འགྱུར་བ་ག་ཚོད་ཅིག་གཏོང་ཐུབ་མིན་དེ་མ་འོངས་པར་བལྟ་དགོས་པ་ཞིག་ཆགས་ཡོད་ཚུལ་སོགས་གསུངས་ཡོད།
ད་རེས་ཚོགས་འདུའི་ཐོག་བཙན་བྱོལ་བོད་མིའི་སྔོན་རྩིས་གཏན་འབེབས་དང་། སྤྱི་འཐུས་རྒྱུན་ལས་ཀྱིས་ཆེད་བཙུགས་གནང་བའི་ཚོགས་ཆུང་ཁག་གི་སྙན་ཐོར་བགྲོ་གླེང་། དེ་བཞིན་ཇོ་ནང་གི་གནད་དོན་དང་། ཨོ་སོ་ཌོ་ལེ་ཡ་སོགས་སུ་སྤྱི་འཐུས་དགོས་མིན་ཐག་གཅོད་གནང་རྒྱུ་སོགས་དེ་མིན་གནད་དོན་ཁག་ལ་གྲོས་ཞིབ་གནང་རྒྱུ་ཡིན་འདུག
ཐེངས་འདིའི་ཚོགས་འདུའི་ཐོག ཨ་རིའི་སྤྱི་འཐུས་བཀྲ་ཤིས་རྣམ་རྒྱལ་ལགས་དང་། སྤྱི་འཐུས་སྐལ་བཟང་དགྲ་འདུལ་ལགས་རྣམ་གཉིས་སྐུ་གཟུགས་བདེ་མིན་གྱིས་ཕེབས་ཐུབ་མེད་པ་དང་། གཞན་ཡུ་རོབ་སྤྱི་འཐུས་གཉིས་གཞུང་དོན་ཆེད་ཐོག་མའི་ཉིན་གཉིས་རིང་བཅར་ཐུབ་ཀྱི་མེད་པ་ལས་གཞན་སྤྱི་འཐུས་ཚང་མ་ངོ་བཅར་ཞུས་ཡོད་འདུག
ད་རེས་སྤྱི་འཐུས་ཚོགས་དུས་དགུ་པ་ཚོགས་རྒྱུན་རིང་ཚོགས་འདུའི་གནས་ཚུལ་དང་འབྲེལ་བའི་ཐད་རྒྱུན་ལྡན་ལྟར་Tibet.netའམ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བརྙན་བརྒྱུད་ནས་ཐད་ཀར་རྒྱང་སྲིང་གནང་བཞིན་པ་རེད།
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།