༢༠༢༤ ལོའི་རྒྱལ་སྤྱིའི་དབུ་ཁྲིད་ཀྱི་གླེང་སྟེགས་ཞེས་པའི་ཚོགས་འདུར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་གསུམ་མཉམ་ཞུགས་གནང་རྒྱུ་ཡིན་པ།

2024.08.17
༢༠༢༤ ལོའི་རྒྱལ་སྤྱིའི་དབུ་ཁྲིད་ཀྱི་གླེང་སྟེགས་ཞེས་པའི་ཚོགས་འདུར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་གསུམ་མཉམ་ཞུགས་གནང་རྒྱུ་ཡིན་པ།
Photo: RFA

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྣམ་པ་གསུམ་ ༢༠༢༤ ལོའི་རྒྱལ་སྤྱིའི་དབུ་ཁྲིད་ཀྱི་གླེང་སྟེགས་ཞེས་པའི་ཚོགས་འདུར་མཉམ་ཞུགས་གནང་སྟེ་རྒྱལ་སྤྱིའི་དམངས་གཙོའི་རང་བཞིན་སྐོར་གསུང་བཤད་གནང་འཆར་ཡོད་པ་སོགས་ཀྱི་ཐད་ཚོགས་འདུ་དེར་ཞུགས་འཆར་ཡོད་པའི་གྲས་ཀྱི་བོད་མི་མང་སྤྱི་འཐུས་ཀརྨ་དགེ་ལེགས་ལགས་སུ་ལྕགས་མོ་འཚོས་བཅའ་འདྲི་དང་གནས་ཚུལ་ཕྱོགས་བསྡུས་ཞུས་པ་ཞིག་གསན་རོགས་གནང་།  

༢༠༢༤ལོའི་རྒྱལ་སྤྱིའི་དབུ་ཁྲིད་ཀྱི་གླེང་སྟེགས་ཞེས་པའི་ཚོགས་འདུ་དེ་ད་ལོའི་ཕྱི་ཟླ་༨ཚེས་༡༩ནས་ཚེས་༢༢ བར་ཉིན་གྲངས་བཞིའི་རིང་ཨ་རིའི་ཤེ་ཁ་གྷོལ་གྲོང་ཁྱེར་ནང་འཚོགས་རྒྱུ་ཡིན་ཞིང་།  ཚོགས་འདུ་དེ་ནི་ཨ་རིའི་རྒྱལ་ཡོངས་དམངས་གཙོ་ཐེབས་རྩ་ཚོགས་པས་བཀོད་སྒྲིག་གནང་གི་ཡོད་པ་དང་།  ལོ་བཞི་རེའི་ནང་ཚོགས་འདུ་དེ་ཐེངས་གཅིག་འཚོགས་ནས་འཛམ་གླིང་གི་ཡུལ་གྲུ་འདྲ་མིན་ནས་ཕེབས་པའི་ཆབ་སྲིད་པ་དང་སྲིད་དོན་བློ་འདོན་པ།  གྲོས་ཚོགས་འཐུས་མི་སོགས་མཉམ་འཛོམས་ཀྱིས་ཨ་རིའི་དམངས་གཙོ་དར་སྤེལ་གྱི་ཉམས་མྱོང་ལེན་ས་གལ་ཆེན་ཞིག་ལ་བརྩི་ཡོད་པ་བཞིན་ད་ལོའི་ཚོགས་འདུ་དེར་ཡང་འཛམ་གླིང་གི་རྒྱལ་ཁབ་འདྲ་མིན་ནས་མི་གྲངས་སུམ་བརྒྱ་མ་ཟིན་ཙམ་མཉམ་ཞུགས་གནང་གི་ཡོད་པ་སོགས་ཀྱི་སྐོར་ལ་ཐེངས་འདིར་གོང་ཞུས་ཚོགས་འདུ་ཞུགས་འཆར་ཡོད་པའི་གྲས་ནས་བོད་མི་མང་སྤྱི་འཐུས་ཀརྨ་དགེ་ལེགས་ལགས་ནས་ངོ་སྤྲོད་གནང་གི་འདུག

དེ་བཞིན་བོད་མི་མང་སྤྱི་འཐུས་ཀརྨ་དགེ་ལེགས་ལགས་དང་སྤྱི་འཐུས་སྲི་ཐར་བློ་བཟང་རྒྱ་མཚོ་ལགས། སྤྱི་འཐུས་བསྟན་འཛིན་ཆོས་འཛིན་ལགས་བཅས་རྣམ་པ་གསུམ་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་དེ་༢༠༢༤ ལོའི་རྒྱལ་སྤྱིའི་དབུ་ཁྲིད་ཀྱི་ཚོགས་འདུའི་ཐོག་མཉམ་ཞུགས་གནང་རྒྱུ་མ་ཟད།   ཁོང་ཚོའི་ནང་ནས་སྐུ་ཚབ་ཅིག་ལ་གསུང་བཤད་གནང་མཁན་གྱི་གོ་སྐབས་ཕུལ་ཡོད་པ་བཞིན་རྒྱལ་སྤྱིའི་དམངས་གཙོའི་རང་བཞིན་གྱི་བརྗོད་གཞིའི་ཐོག་གསུང་བཤད་གནང་རྒྱུ་མ་ཟད།  ཚོགས་འདུ་དེའི་སྟེང་འཛམ་གླིང་གི་སྲིད་དོན་པ་དང་མཁས་དབང་རྣམ་པར་བོད་དོན་ཤེས་རྟོགས་ཀྱི་གོ་སྐབས་གལ་ཆེན་ཞིག་ལའང་ངོས་འཛིན་གནང་གི་འདུག དེ་བཞིན་གོང་ཞུས་ཚོགས་འདུའི་སྟེང་དམངས་གཙོའི་ལྟ་གྲུབ་སྐོར་གྱི་བརྗོད་གཞི་འདྲ་མིན་ཐོག་གླེང་མོལ་གནང་གི་ཡོད་པ་རེད།

རྒྱལ་སྤྱིའི་དབུ་ཁྲིད་ཀྱི་གླེང་སྟེགས་ཚོགས་འདུར་མཉམ་ཞུགས་པ་ཚོ་ནི་ཆབ་སྲིད་ཀྱི་བསམ་བློའི་ཁྱབ་ཁོངས་རྒྱ་ཆེན་མཚོན་ཞིང་།   དེ་དག་ནི་དམངས་གཙོའི་ཡུལ་གྲུ་ཁག་ནས་ཕེབས་པ་ཞིག་དང་། རྒྱལ་ཁབ་ཀྱི་དབུ་ཁྲིད་དང་སྲིད་གཞུང་གི་བློན་ཆེན།   གཞུང་ཚབ་དང་གྲོས་ཚོགས་འཐུས་མི།   ཆབ་སྲིད་ཚོགས་པའི་དབུ་ཁྲིད་།   སྲིད་བྱུས་ཇུས་འགོད་བཏོན་མཁན་བཅས་ལྷན་དུ་འཛོམས་གྱི་ཡོད་པ་རེད་ལ།   རྒྱལ་སྤྱིའི་དབུ་ཁྲིད་ཀྱི་གླེང་སྟེགས་ནི་དམངས་གཙོའི་སྒྲིག་འཛུགས་དང་། རིན་ཐང་། ལག་ལེན་བཅས་ལ་བཟོ་བཅོས་གཏོང་མཁན་གྱི་བསམ་བློའི་དབུ་ཁྲིད་དང་ཤུགས་རྐྱེན་ཐེབས་མཁན་གྱི་ལྷན་འཛོམས་ཁྱད་པར་ཅན་ཞིག་ཆགས་ཡོད།   འཛམ་གླིང་རང་བཞིན་གྱི་ལྷན་འཛོམས་འདིས་བསམ་བློའི་འདུ་ཤེས་མི་འདྲ་བ་དང་ཡུལ་ལུང་མི་འདྲ་བའི་དབུ་ཁྲིད་ཚོར་ཁོང་ཚོའི་ཉམས་མྱོང་དང་ལྟ་གྲུབ་མཉམ་སྤྱོད་ལ་གཞི་བཅོལ་ནས་འབྲེལ་བ་འཛུགས་པའི་གོ་སྐབས་ཤིག་མཁོ་སྤྲོད་གནང་གི་ཡོད་པ་རེད།

གསར་འགོད་པ། ལྕག་མོ་འཚོ།

རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།

དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎