སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་གསལ་བསྒྲགས།
2011.10.05
༄༅༎བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཁམས་གསེར་རྟ་དང་མདོ་སྨད་རྔ་བ་ཁུལ་ཛ་དྲག་གི་གནས་སྟངས་ལ་ཐུགས་འཚབ་ཡོད་པའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་འདུག།
གོང་ཞུས་གསར་འགོད་གསལ་བསྒྲགས་དེའི་ནང༌། ཉེ་དུས་ཕྱི་ཟླ་༡༠པའི་ཚེས་༡ཉིན་དཀར་མཛེས་ཁུལ་གསེར་རྟ་རྫོང་ཐོག་ཏུ། བོད་མི་ཚོས་བོད་ལ་རང་དབང་དགོས་པ་དང༌། ཆོས་དད་རང་དབང་དགོས་པ། འགྲོ་སྡོད་རང་དབང་དགོས་པ། སྨྲ་བརྗོད་རང་དབང་དགོས་པ། རྩོམ་འབྲི་ཁྱབ་སྤེལ་གྱི་རང་དབང་དགོས་པ་སོགས་གཞན་ལ་ཡོད་པའི་རང་དབང་དེ་ཚོ་བོད་ལའང་ངེས་པར་དུ་དགོས། རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག། བོད་རྒྱལ་ལོ་ཞེས་འཁོད་པའི་ཡིག་ཆ་བཀྲམས་ཏེ་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་ཡོད། དེ་བཞིན་ཟླ་བ་༡༠ཚེས་༣ཉིན་རྔ་བ་རྫོང་། ཆོས་རྗེ་མ་ཞང་ སོ་རུ་མ་སྡེ་བའི་ཚུར་དྲིས་ཚང་གི་བུ་རྔ་བ་ཀིརྟི་དགོན་པའི་དུས་འཁོར་གྲྭ་ཚང་གི་དགེ་འདུན་པ་སྐལ་བཟང་དབང་ཕྱུག་ལགས་ཀྱིས་ ༧གོང་ས་མཆོག་གི་སྐུ་པར་ལག་ཏུ་བཟུང་ནས་རྔ་པ་རྫོང་མཁར་གྱི་གཞུང་ལམ་དུ་ཐོན་པ་དང༌། རང་ལུས་མེར་བསྲེག་བཏང་ནས་རྒྱ་གཞུང་ལ་ངོ་རྒོལ་སྐབས་བོད་གནང་མ་ཐག། རྒྱ་མིའི་དམག་མིས་མཐའ་བསྐོར་ནས་མེ་བསད་པ་དང་ཆབས་ཅིག་ཁོང་ལ་ཉེས་རྡུང་དྲག་པོ་གཏོང་བཞིན་འགྲུལ་འཁོར་ནང་འཁྱེར་ཡོད་པ་རེད། དེང་སྐབས་བོད་ནང་གི་བོད་མི་ཚོས་རང་དབང་གི་ཆེད་དུ་གཅིག་མཇུག་གཉིས་མཐུད་ཀྱིས་རང་ལུས་ལ་མེ་སྤར་བ་དང༌། ༧གོང་ས་མཆོག་གི་སྐུ་པར་དང་བོད་ཀྱི་རྒྱལ་དར་འཕྱར་ནས་ཁྲོམ་གཞུང་དུ་རྒྱ་མིའི་དྲག་གནོན་ལ་འཇིགས་ཞུམ་མེད་པར་ཞི་བའི་ངོ་རྒོལ་གནང་བཞིན་ཡོད་པ་དེས་ རྒྱ་ནག་སྲིད་གཞུང་གིས་བོད་མིའི་ཐོག་དམ་བསྒྲཌ་དང་གཉའ་གནོན་ཇི་ཙམ་གཏོང་གི་ཡོད་པ་མཚོན་གྱི་ཡོད་པས། མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་གཙོས་པའི་རྒྱལ་སྤྱིའི་སྲིད་གཞུང་ཁག་དང༌། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་དང་སྒྲིག་འཛུགས་ཁག་གིས་།རྒྱ་ནག་གཞུང་ལ་བོད་ཐོག་འཛིན་པའི་ཕྱོགས་ལྷུང་ཅན་གྱི་སྲིད་ཇུས་ལ་འཕྲལ་དུ་འགྱུར་བ་གཏོང་དགོས་རྒྱུའི་སྐུལ་མ་ནན་གཏན་གནང་དགོས་རྒྱུ་དང༌། གལ་ཏེ་ཉེན་ཚབས་ཆེ་བའི་གནད་དོན་འདི་དག་རྒྱ་ཡན་དུ་བཏང་ན། བོད་ནང་རང་ལུས་མེར་བསྲེག་བཏང་བའི་དཀའ་སྡུག་ཀྱི་ལས་འགུལ་དེའི་རིགས་མང་དུ་འགྲོ་ངེས་ཡིན་སྐོར་འགྲེལ་བརྗོད་དང་འབྲེལ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ རྒྱལ་གཅེས་དཔའ་བོ་དེ་རྣམས་ཀྱི་བསམ་དོན་ཡིད་བཞིན་འགྲུབ་པ་དང༌། ཤུལ་ལུས་ནང་མི་ཉེ་འབྲེལ་ལྟོས་བཅས་ལ། ཐུགས་གསོ་དང་རྒྱ་ནག་གཞུང་ལ་ངེས་པར་དུ་དེའི་ཐད་བསམ་གཞིགས་བྱེད་དགོས་པའི་སྐུལ་མ་ནན་ཆེ་གནང་འདུག།