རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་སྐྱོན་བརྗོད།

བཙན་བྱོལ་བོད་མི་དམངས་སྤྱི་འཐུས་ལྷན་ཁང་ནས་འདས་པའི་ལོ་དྲུག་བཅུ་ནང་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་སྐྱོན་བརྗོད།

2009.10.02

༄༅༎དེ་རིང་རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བ་བཙུགས་ནས་མི་ལོ་དྲུག་བཅུ་འཁོར་བའི་དུས་སྐབས་དེར་བཙན་བྱོལ་བོད་མི་དམངས་སྤྱི་འཐུས་ལྷན་ཁང་ནས་འདས་པའི་མི་ལོ་དྲུག་བཅུ་ནང་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་སྐྱོན་བརྗོད་ཀྱི་གསར་འགོད་གསལ་བསྒྲགས་ཤིག་འགྲེམས་སྤེལ་གནང་ཡོད་པ་རེད།

གསར་འགོད་གསལ་བསྒྲགས་དེའི་ནང་དུ་དེ་རིང་གི་ཉིན་མོ་དེ་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བ་བཙུགས་ནས་མི་ལོ་དྲུག་བཅུ་འཁོར་བའི་དུས་ཚིགས་ཤིག་ཡིན་པ་དང་འདས་པའི་མི་ལོ་དྲུག་བཅུ་ལ་ཉེ་བའི་དུས་རབས་དེའི་ནང་རང་དབང་དང་ཞི་བདེར་དགའ་བའི་བོད་ཀྱི་རྒྱལ་ཁབ་དེ་རྒྱ་ནག་གུང་ཁྲན་ཏང་གིས་དྲག་པོའི་བཙན་འཛུལ་བྱས་ཏེ་བོད་དང་བོད་མི་རིགས། མི་རིགས་དེའི་ཐོུང་མ་ཡིན་པའི་ཆོས་དང་རིག་གཞུང༌། མི་རིགས་ཀྱི་ངོ་བོ། སྐད་ཡིག་སོགས་བོད་མི་རིགས་ཀྱི་ཁྱད་ཆོས་དེ་རྣམས་ད་ཆ་རྒྱ་ནག་གཞུང་གིས་དབང་བསྒྱུར་འོག་ལ་རྩ་གཏོར་འགྲོ་བའི་དུས་སྐབས་གཉན་འཕྲང་ཞིག་ཡིན་ཞིང་ཡིན་ནའང་རྒྱ་ནག་གཞུང་གིས་ད་རེས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་མི་ལོ་དྲུག་བཅུ་འཁོར་བའི་དུས་དྲན་དེ་གོ་སྐབས་བཟུང་སྟེ་རྒྱ་ནག་ནང་དུ་ཧ་ཅང་གི་འཕེལ་རྒྱས་དང་གོང་འཕེལ་ཕྱིན་ཡོད་པའི་རྣམ་པ་ཕྱིར་དྲིལ་བསྒྲགས་བྱེད་པ་ཙམ་དུ་མ་ཟད་བོད་ནང་དུའང་ཡར་རྒྱས་བཏང་ཡོད་ཚུལ་གྱི་དྲིལ་བསྒྲགས་བྱེད་པ་དེ་ནི་འཁྱོག་བཤད་ཀྱི་དྲིལ་བསྒྲགས་ཤིག་ཡིན་ཞིང་དངོས་ཡོད་གནས་ཚུལ་ནི་བོད་ནང་གི་བོད་མི་དང་དེ་མིན་གྱི་རྒྱ་ནག་གི་གྲངས་ཉུང་མི་རིགས་གཞན་ཁག་ལ་ཁོང་ཚོའི་འགྲོ་སྡོད་སྤྱོད་གསུམ་དང་བྱེད་སྒོ་སོགས་ལ་རྒྱ་ནག་གཞུང་གིས་ཧ་ཅང་གི་དམ་བསྒྲགས་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད་པ་དང་དེ་ལྟ་བུའི་རྒྱ་ནག་གཞུང་གིས་བོད་མི་རིགས་ཐོག་འཛིན་པའི་ནོར་འཁྲུལ་གྱི་སྲིད་ཇུས་ལ་བོད་གཞིས་བྱེས་གཉིས་སུ་གནས་པའི་བོད་མི་ཚོས་དུས་ནམ་ཡང་ངོས་ལེན་བྱ་ཐབས་མེད། གང་ལྟར་རྒྱ་ནག་གཞུང་གིས་བོད་ལ་བཙན་འཛུལ་བྱས་པ་ནས་བཟུང་ད་བར་ཏུ་བོད་ཐོག་འཛིན་པའི་སྲིད་ཇུས་རིམ་པ་ནོར་འཁྲུལ་དང་གཡོན་ཐལ་ཆེ་བའི་སྲིད་ཇུས་ལག་བསྟར་བྱས་ཡོད་པའི་མཇུག་འབྲས་དེ་ལྟ་བུ་བོད་ཀྱི་ལོ་རྒྱུས་ཐོག་བྱུང་མྱོང་མེད་པ་ཞིག་ཡིན། དེར་བརྟེན་རྒྱ་ནག་གཞུང་གིས་འཛིན་བཞིན་པའི་གཡོ་སྒྱུ་ཆེ་བའི་སྲིད་ཇུས་སམ་བྱ་སྤྱོད་དེ་ཡིས་རྒྱ་ནག་གི་གྲངས་ཉུང་མི་རིགས་དེ་དག་གིས་མངོན་འདོད་གྲུབ་ཐུབ་རྒྱུ་མིན་པར་བརྟེན་ང་ཚོ་བཙན་བྱོལ་བོད་མིའི་གྲོས་ཚོགས་ཀྱི་ཐོག་ནས་དེ་ལྟ་བའི་རྒྱ་ནག་གཞུང་གི་ནོར་འཁྲུལ་གྱི་སྲིད་ཇུས་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་གསུངས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎