བཙན་བྱོལ་བོད་མི་མང་སྤྱི་འཐུས་ཚོགས་དུས་ཀྱི་སྤྱི་མོས་གྲོས་ཆོད།
2008.09.12
༄༅༎བཞུགས་སྒར་རྡ་རམ་ས་ལར་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་དྲུག་པ་གནང་བཞིན་ཡོད་པའི་ཐོག་ ད་ལོ་བོད་མི་ཚོར་དཀའ་ངལ་ཆེན་པོ་བྱུང་བའི་འགག་རྩའི་དུས་ཚོད་ཀྱི་སྐབས་དེར་ ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་མཆོག་གིས་དྲང་བདེན་དང་ཞུམ་པ་མེད་པའི་སྙིང་སྟོབས་ཀྱི་སྒོ་ནས་བོད་དོན་ལ་རྒྱབ་སྐྱོར་གནང་བར་སྤྱི་འཐུས་རྣམ་པ་ཚོས་བཀྲིན་སྙིང་བཅངས་ཞུ་བའི་གྲོས་ཆོད་ཅིག་སྤྱི་མོས་ཀྱི་ཐོག་ནས་བཞག་གནང་འདུག
ད་ལོ་ཕྱི་ཟླ་༣པའི་ནང་རྒྱ་ནག་གཞུང་གིས་གདུག་རྩུབ་ཆེན་པོའི་སྒོ་ནས་བོད་ནང་ཞི་བའི་ངོ་རྒོལ་གནང་མཁན་བོད་མི་ཚོའི་ཐོག་དྲག་གནོན་བྱས་པའི་རྗེས་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་མཆོག་བཞུགས་སྒར་དུ་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་བར་ཆེད་མངགས་ཕེབས་པ་དང༌། ཁོང་གིས་བོད་དོན་ཐོག་ཐུགས་འཚབ་གསལ་འདོན་གནང་ཡོད་པར་ བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱིས་བསྔགས་བརྗོད་རྒྱ་ཆེ་ཞུས་གནང་འདུག
དེ་བཞིན་སྤྱི་འཐུས་རྣམ་པ་ཚོས་ ལྕམ་ནེན་སི་པེ་ལོ་སི་མཆོག་ལ། བོད་ནང་གི་བོད་མི་ཚོའི་དཀའ་སྡུག་ལ་དགོངས་བཞེས་དང་བོད་མི་ཚོར་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་མུ་མཐུད་གནང་སྐྱོང་ཡོང་བའི་འབོད་སྐུལ་ཡང་ཞུས་གནང་འདུག
འདི་ལོ་གསུམ་བཅུའི་དུས་དྲན་ནས་བཟུང་བོད་ས་ཡོངས་རྫོགས་ནང་བོད་མི་ཚོས་རྒྱ་མིའི་དབང་སྒྱུར་ལ་སྐྱོན་བརྗོད་ཀྱི་ཞི་བའི་ངོ་རྒོལ་རྒྱ་ཁྱབ་ཏུ་འཕྱུར་བའི་ཐོག་ རྒྱ་མིའི་དམག་དཔུང་གིས་དྲག་གནོན་ཆེན་པོ་བྱས་པའི་གནས་ཚུལ་བྱུང་རྗེས། ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ པེ་ལོ་སི་མཆོག་གིས་གལ་འགངས་ཆེ་བའི་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མིའི་ཚོགས་ཆུང་ཞིག་སྣེ་ཁྲིད་གནང་སྟེ་ཛ་དྲག་གི་སྒོ་ནས་བཞུགས་སྒར་རྡ་རམ་ས་ལར་ཆེད་ཕེབས་གནང་སྟེ་བོད་ནང་གི་གནས་སྟངས་ཐད་ཐུགས་འཚབ་གསལ་བཏོན་དང་འབྲེལ་བོད་དོན་ལ་རྒྱབ་སྐྱོར་ཡོད་པའི་གསུང་བཤད་ཀྱང་གནང་ཡོད་པ་རེད།