ཁས་ལེན་གནང་བ་རྣམས་ལག་བསྟར་གནང་དགོས་པའི་འབོད་སྐུལ།
2017.01.03

མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་བོད་དང་འབྲེལ་གྲོས་ཆོད་ཁས་ལེན་གནང་བ་རྣམས་ལག་བསྟར་གནང་དགོས་པའི་འབོད་སྐུལ་ཞུས་གནང་འདུག
དེ་ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཉེ་ཆར་བསྐོ་འདེམས་བྱུང་བའི་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་གསར་པ་(Antonio Guterres)་ལ་ཕྱག་བྲིས་ཤིག་ཕུལ་བའི་ནང༌། བོད་ཀྱི་གནད་དོན་དང་འབྲེལ་བའི་ཐད་དེ་སྔ་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་གྲོས་ཆོད་བཞག་ཡོད་པ་དེ་དག་གི་ནང་ཁས་ལེན་བྱས་པ་རྣམས་ལག་བསྟར་གནང་དགོས་པའི་འབོད་སྐུལ་ཞུས་གནང་འདུག
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕུལ་བའི་ཕྱག་བྲིས་དེའི་ནང༌། རྒྱ་ནག་གཞུང་གིས་བོད་བཅིངས་བཀྲོལ་བཏང་བ་དང༌། མངའ་ཁུལ་དུ་ཡར་རྒྱས་ཆེན་ཆེན་པོ་བཏང་ཡོད་ལུགས་ཤོད་ཀྱི་ཡོད་པ་དེ་ལྟར་ཡང༌། དངོས་ཡོད་ཀྱི་གནས་ཚུལ་ནི། ད་བར་མི་ལོ་དྲུག་ཅུ་རེ་དྲུག་རྒྱ་ནག་གི་བཙན་འོག་ཏུ་ཚུད་པའི་བོད་ནང་རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་དྲག་གནོན་ཧ་ཅང་ཤུགས་ཆེན་པོ་བྱས་པའི་རྐྱེན་གྱིས་གནས་སྟངས་ཆེས་སྡུག་པོ་དང་ཛ་དྲག་པོ་ཆགས་ཏེ། ཕྱི་ལོ་༢༠༠༩་བཟུང་ད་བར་བོད་མི་བརྒྱ་དང་བཞི་བཅུ་ཞེ་ལྔས་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་བྱ་ཆེད་རང་ལུས་མེར་བསྲེགས་གནང་ཡོད་པ་མ་ཟད་། རང་ལུས་མེར་བསྲེགས་གནང་མཁན་དེ་དག་གིས་བོད་ལ་རང་དབང་དགོས་པ་དང༌། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པའི་དགོས་འདུན་བཏོན་ཡོད། དེ་འདྲ་ཡིན་ཙང༌། ཁྱེད་ཀྱིས་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་གནང་རྒྱུན་རིང༌། དེ་སྔ་རྒྱལ་ཚོགས་ཀྱིས་བོད་ཀྱི་གནད་དོན་ཐོག་བཞག་གནང་མཛད་པའི་གྲོས་ཆོད་ཁག་གི་ནང་གསལ་བའི་བརྗོད་དོན་ཐོག་བསྐྱར་དུ་ཁས་ལེན་དམ་འཛིན་གྱིས། བོད་རྒྱ་འབྲེལ་མོལ་སླར་གསོའི་ཐོག་ནས་བོད་ཀྱི་གནད་དོན་སེལ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་འདུག
འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་ཕྱི་ལོ་༡༩༥༩་དང་། ༡༩༦༡། ༡༩༦༥་བཅས་སོ་སོར་བོད་ཀྱི་གནད་དོན་དང་འབྲེལ་བའི་གྲོས་ཆོད་ཁག་གསུམ་འཇོག་གནང་མཛད་ཡོད་པ་རེད།
གསར་འགོད་པ་ངག་དབང་ཆོས་འཕེལ།