༧གོང་ས་མཆོག་གི་སྐུ་པར་དང་བཅའ་ཁྲིམས་ཀྱི་མདུན་ནས་དམ་འབུལ་ཞུས་མཁན། སྤྱི་འཐུས་༢༠ནས་ཁོང་ཚོའི་ལངས་ཕྱོགས་དང་ཐག་གཅོད་དེར་འགྱུར་བ་མེད་ཅེས་གསལ་བཤད་གནང་བ།

2021.08.28
༧གོང་ས་མཆོག་གི་སྐུ་པར་དང་བཅའ་ཁྲིམས་ཀྱི་མདུན་ནས་དམ་འབུལ་ཞུས་མཁན། སྤྱི་འཐུས་༢༠ནས་ཁོང་ཚོའི་ལངས་ཕྱོགས་དང་ཐག་གཅོད་དེར་འགྱུར་བ་མེད་ཅེས་གསལ་བཤད་གནང་བ། གཞི་རྩའི་ཕྱི་ཟླ་དགུ་པའི་ནང་གྲོས་ཚོགས་འཚོག་དགོས་ཀྱི་ཡོད་ནའང་དེ་ཡང་ཚོགས་ཐུབ་རྒྱུ་ཁག་པོ་ཆགས་ཡོད་པ་རེད།
Photo: RFA

བར་ལམ་སྐབས་བཅུ་བདུན་པའི་བོད་མི་མང་འདེམས་ཐོན་སྤྱི་འཐུས་རྣམ་པས་སྤྱི་འཐུས་ཀྱི་དམ་འབུལ་སྐབས། སྤྱི་འཐུས་རྣམ་པ་ཕྱོགས་ཁག་གཉིས་སུ་གྱེས་ཏེ་ཁག་ཅིག་གིས་བར་བརྒལ་ཚོགས་གཙོའི་མདུན་ནས་དམ་བཅའ་ཕུལ་བ་དང་། ཡང་ཁག་ཅིག་གིས་༧གོང་ས་མཆོག་གི་སྐུ་པར་དང་བཅའ་ཁྲིམས་རིན་པོ་ཆེའི་མདུན་ནས་དམ་བཅའ་ཕུལ་བར་བརྟེན། ཕན་ཚུན་བར་ཀླན་ཀ་བྱུང་ནས་ཟླ་བ་གསུམ་ལྷག་འགྲོ་བཞིན་པའི་སྐབས་འདིར་། སྤྱི་ཟླ་༨པའི་ཚེས་༢༤ཉིན། ༧གོང་ས་མཆོག་གི་སྐུ་པར་དང་བཅའ་ཁྲིམས་མདུན་དམ་འབུལ་གནང་མཁན། མདོ་སྟོད་སྤྱི་འཐུས་༡༠དང་ཆོས་བརྒྱུད་སྤྱི་འཐུས་༡༠བཅས་སྤྱི་འཐུས་༢༠ཐུན་མོང་གིས་གསལ་བཤད་ཞིག་སྤེལ་གནང་བའི་ནང་།“བཅའ་ཁྲིམས་དོན་ཚན་༤༧པའི་དགོངས་དོན་ནི་བར་བརྒལ་ཚོགས་གཙོས་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བའི་མདུན་སར་དམ་འབུལ་ཞུས་རྗེས། སྤྱི་འཐུས་རེ་རེས་རང་ཉིད་སྤྱི་འཐུས་ཀྱི་ལས་ཁུར་དུ་མ་ཞུགས་གོང་བར་བརྒལ་ཚོགས་གཙོའི་མདུན་སར་ཁྲིམས་ལུགས་སུ་གཏན་འབེབས་བྱས་པའི་ཚིག་གཞི་ལྟར་ལས་འཁུར་དམ་བཅའམ། ཁས་ལེན་བྱེད་དགོས། ཞེས་ཁ་གསལ་འཁོད་ཡོད་པ་ལས། གྲོས་ཚོགས་ཀྱིས་ཕྱིར་ཕུད་བྱས་ཟིན་པའི་ཁྲིམས་ཞིབ་པ་ཆེ་བ་ཟུར་པའི་ས་ནས་བར་བརྒལ་ཚོགས་གཙོས་དམ་འབུལ་ཞུ་དགོས་པ་ཞིག་དངོས་ཤུགས་བརྒྱུད་གསུམ་གང་དུའང་གསལ་མེད།”ཅེས་དང་།ཡང་“བཅའ་ཁྲིམས་དོན་ཚན་༤༧པའི་ཚིག་དོན་ལྟར་དམ་འབུལ་ཞུ་ཡུལ་གཏན་ནས་མེད་པ་བཟོས་ཟིན་པའི་རྗེས་སུ། བཅའ་ཁྲིམས་དོན་ཚན་དང་པོར་གསལ་བ་བཞིན། བོད་དང་བོད་མིའི་མགོན་སྐྱབས་དང་མཚོན་རྟགས་ཉག་གཅིག་ཏུ་གྱུར་པ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཡིན་པ་དང་། མགོན་པོ་གང་ཉིད་ཀྱི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་མདུན་སྤྱི་འཐུས་༢༢ཀྱིས་ཁྲིམས་ལུགས་སུ་གཏན་འབེབས་བྱས་པའི་ཚིག་གཞི་ལྟར་དམ་འབུལ་ཞུས་པ་ནི། བཅའ་ཁྲིམས་ཀྱི་དགོངས་དོན་དང་འགལ་མེད་”ཅེས་འཁོད་ཡོད་པ་མ་ཟད།“ད་ལྟའི་ཆར་བཅའ་ཁྲིམས་དོན་ཚན་༤༧པའི་དགོངས་དོན་ཁྲིམས་མཐུན་དམ་འབུལ་ཞུ་ཡུལ་མེད་པར་གྱུར་ཟིན་པས། མ་འོངས་པར་ཡང་ལངས་ཕྱོགས་དང་ཐག་གཅོད་དེར་འགྱུར་བ་གཏན་ནས་མེད་པ་གོ་སྐབས་འདི་བརྒྱུད་ནས་བསྐྱར་དུ་ནན་བརྗོད་ཞུ་བཞིན་ཡོད་”ཅེས་བཀོད་ཡོད་པ་རེད།
ཉེ་སྔོན་གཞུང་འབྲེལ་མིན་པའི་ཚོགས་པ་བཞི་ནས་ཕྱོགས་གཉིས་འདུམ་ཐབས་ཀྱི་བསམ་ཚུལ་བཏོན་པར། དབུས་གཙང་དང་མདོ་སྨད་སྤྱི་འཐུས་༡༩ནས་གསལ་བཤད་གནང་བའི་ནང་། ༧གོང་ས་མཆོག་གི་སྐུ་པར་དང་བཅའ་ཁྲིམས་ཀྱི་མདུན་དམ་བཅའ་ཕུལ་མཁན་སྤྱི་འཐུས་རྣམ་པས་“༧གོང་ས་མཆོག་གི་སྐུ་པར་དང་བཅའ་ཁྲིམས་རིན་པོ་ཆེའི་མདུན་དམ་འབུལ་ཞུས་ཡིན་ཟེར་བ་དེ་ནི་མང་ཚོགས་ལ་སེམས་ཚོར་ཐེབས་ཐབས་ཙམ་ལས་དོན་དུ་བཅའ་ཁྲིམས་དོན་ཚན་༤༧པ་དང་འགལ་བ་”ཡིན་ལུགས་དང་།ཡང་“དབུས་འོས་བསྡུའི་འགན་འཛིན་མཆོག་ནས་༧གོང་ས་མཆོག་གི་སྐུ་པར་མདུན་དམ་འབུལ་ཞུས་ཡིན་ཟེར་མཁན་ཚོ་ངོས་བཞེས་མ་གནང་བ་ཞིག་ཆགས་ཡོད་ལ། ངེད་ཅག་བཅའ་ཁྲིམས་དོན་ཚན་༤༧པའི་དགོངས་དོན་དམ་འབུལ་ཞུ་མཁན་ཚོས་ཀྱང་ངོས་ལེན་བྱེད་ཤེས་ཐབས་བྲལ་”ལུགས་འཁོད་ཡོད་པ་རེད་།
གོང་འཁོད་ཕྱོགས་གཉིས་ཀྱི་ལངས་ཕྱོགས་ལ་གཞིགས་ན་དཀའ་རྙོག་དེ་རང་འཇགས་ལྷག་རྒྱུའི་ངོ་བོར་གནས་ཡོད་པ་དང་། གཞི་རྩའི་ཕྱི་ཟླ་དགུ་པའི་ནང་གྲོས་ཚོགས་འཚོག་དགོས་ཀྱི་ཡོད་ནའང་དེ་ཡང་ཚོགས་ཐུབ་རྒྱུ་ཁག་པོ་ཆགས་ཡོད་པ་རེད།
བར་ལམ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་༡༦པའི་གྲོས་ཚོགས་ཚོགས་དུས་༡༠པའི་ཐོག།གྲོས་ཆོད་ཡིག་ཆ་ཨང་༣༩ཟེར་བ་བཞག་སྟེ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་ཆེ་བ་དང་ཁྲིམས་ཞིབ་གཞན་གཉིས་བཅས་འཕོ་འགྱུར་བཏང་ཡོད་པས། ཁྲིམས་ཞིབ་པ་རྣམ་པ་སྐབས་ཤིག་རིང་ལས་འགན་བཤོལ་གནང་ཡོད་ནའང་། སྤྱི་ཟླ་༥པའི་ཚེས་༢༣ཉིན་“སྐབས་༡༦པའི་སྤྱི་འཐུས་ལས་ཐོག་གྲངས་༡༩ནས་མཚན་རྟགས་སྡེབ་བཀོད་ཀྱི་ཕྱག་བྲིས་དང་། སྤྱི་འཐུས་ལས་ཐོག་གཉིས་ནས་ཕྱག་བྲིས་སོ་སོར་གནང་འབྱོར་བྱུང་བའི་ནང་། གྲོས་ཚོགས་ཚོགས་དུས་སྔ་མའི་སྟེང་བཞག་པའི་གྲོས་ཆོད་ཡིག་ཆ་ཨང་༣༩་པ་དེ་བཅའ་ཁྲིམས་དང་འགལ་བའི་ནོར་འཁྲུལ་ར་འཕྲོད་པའི་ཐོག་ནས་ཁྲིམས་ཞིབ་པ་རྣམ་པས་ལས་ཁུར་རྒྱུན་མཐུད་དགོས་པའི་རེ་འདུན་བཏོན་པ།”ཞེས་པ་རྒྱུ་མཚན་དུ་བཀོད་ནས་ཁྲིམས་ཞིབ་པ་རྣམ་པས་ལས་ཁུར་རྒྱུན་སྐྱོང་གི་གསལ་བསྒྲགས་གནང་ཡོད་ཅིང་། ཁྲིམས་ཞིབ་པ་རྣམ་པས་ལས་ཁུར་རྒྱུན་སྐྱོང་གནང་བ་དེ་འགྲིག་ཡོད་དང་འགྲིག་མེད་ཀྱི་སྐོར་ལ། དབུས་གཙང་དང་མདོ་སྨད་སྤྱི་འཐུས་༡༩དང་མདོ་སྟོད་དང་ཆོས་བརྒྱུད་སྤྱི་འཐུས་༢༠བར། ཕན་ཚུན་གསལ་བཤད་ལན་འདེབས་གནང་རེས་ཀྱི་ནང་རྩོད་གླེང་ཤུགས་ཆེ་གནང་ཡོད་པ་རེད།

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། ཨོ་རྒྱན་བསྟན་འཛིན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎