གྲོས་ཚོགས་ནང་ཛ་དྲག་གནས་སྟངས་སྐབས་ཀྱི་སྒྲིག་ཁྲིམས་ཁག་ཅིག་ལ་བསྐྱར་བཅོས་གནང་རྒྱུ་ཡིན་འདུག

སྤྱི་ཚོགས་རྒྱང་བཀྱེད་ཀྱི་ཐོག་ནས་གྲོས་ཚོགས་ཚོགས་དུས་བཅུ་བ་ཚོགས་གཏན་འཁེལ་ཡོད་པ་དང་སྐབས་དེར་ཛ་དྲག་གནས་སྟངས་སྐབས་ཀྱི་སྒྲིག་ཁྲིམས་ཁག་ཅིག་ལ་བསྐྱར་བཅོས་གནང་རྒྱུ་ཡིན་འདུག
སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པ་རིང་མིན་ཕྱི་ཟླ་༣ཚེས་༡༥ནས་༣༡བར་འཚོགས་གཏན་འཁེལ་ཡོད་ཅིང་། (covid-19)ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་པས་ཕྱི་ལོ་༢༠༢༠ཟླ་དགུ་པའི་ནང་འཚོགས་རྒྱུའི་གྲོས་ཚོགས་ཚོགས་མ་ཐུབ་པར་ཕར་འགྱངས་གནང་དགོས་བྱུང་ཡོད་ཅིང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཞི་བཅུ་ནང་གསལ་འཆར་ཅན་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་ཚོགས་ཚེས་དང་། དུས་ཡུན། ས་གནས་བཅས་སྤྱི་འཐུས་རྒྱུན་ལས་དང་གོ་བསྡུར་ཐོག་སྤྱི་འཐུས་ཚོགས་གཙོ་ལྷན་རྒྱས་ཀྱིས་གཏན་ལ་ཕབ་བ་ལྟར་ཚོགས་དྲུང་ལས་ཁུངས་ནས་སྤྱི་འཐུས་སོ་སོར་ཚོགས་བསྐོང་བརྡ་ཁྱབ་གཏོང་རྒྱུ་དང་། ཚོགས་འདུ་སྔོན་མ་གྲོལ་བ་ནས་ཟླ་དྲུག་ནང་ཚུན་ཚོགས་འདུ་རྗེས་མ་དབུ་ཚུགས་ཟིན་པ་དགོས་རྒྱུ་ཞེས་གསལ་ཡོད། འོན་ཀྱང་ཏོག་དབྱིབས་རིམས་ནད་ཁྱབ་གདལ་གྱི་ཛ་དྲག་དཀའ་ངལ་འཕྲད་པའི་རྐྱེན་གྱིས་ཚོགས་འདུ་འཚོགས་མ་ཐུབ་པར་སྒྲིག་ཁྲིམས་ལག་བསྟར་ཞུ་ཕྱོགས་དང་འབྲེལ་ནས་དཀའ་ངལ་འཕྲད་པར་སོང་། མ་འོངས་པར་དཀའ་ངལ་འདི་རིགས་མི་འཕྲད་པའི་ཆེད་དུ་ཚོགས་ཐེངས་འདིའི་ཐོག་ནས་སྒྲིག་ཁྲིམས་ཁག་ཅིག་ལ་བསྐྱར་བཅོས་གནང་རྒྱུ་ཡིན་པ་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་འགྲེལ་བརྗོད་གནང་བྱུང་།
ཁོང་གིས་ད་དུང་། ད་རེས་ཀྱི་གྲོས་ཚོགས་འདི་བཞིན་སྔར་རྒྱུན་ལྟར་མ་ཡིན་པར་ས་གནས་རྒྱ་གར་གཞུང་གི་བཀོད་ཁྱབ་ལམ་སྟོན་ལྟར། ཏོག་དབྱིབས་རིམས་ནད་ཀྱི་སྔོན་འགོག་ལམ་སྟོན་གཞིར་བཟུང་། གཙོ་བོ་གྲོས་ཚོགས་ནང་སྤྱི་འཐུས་ཕན་ཚུན་བར་བར་ཐག་འཇོག་དགོས་པ་ཡིན་པར་སོང་། ས་གནས་རྫོང་དཔོན་མཆོག་ལ་གྲོས་ཚོགས་ནང་སྤྱི་འཐུས་ཞབས་སྟེགས་གོ་སྒྲིག་ཞུ་ཕྱོགས་པར་རྒྱབ་ཏེ་སྤྱན་འབུལ་ཞུས་པར་བཀའ་འཁྲོལ་ཐོབ་ཡོད་པ་དང་། ཐེངས་འདིར་གྲོས་ཚོགས་ནང་གསར་འགོད་པ་དང་། ཟུར་ཉན་སོགས་མེད་པའི་ཐོག་ནས་འཚོགས་རྒྱུ་ཡིན་པ་གསུང་བྱུང་།
ཐེངས་འདིའི་གྲོས་ཚོགས་ཐོག་ཨོསུ་ཊོ་ལི་ཡ་ནས་ཨོ་སེ་ཊལ་ཨ་ཤེ་ཡའི་སྤྱི་འཐུས་དང་མདོ་སྨད་སྤྱི་འཐུས་རྒྱ་རིག་ཐར་ལགས་གཉིས་ཕེབས་ཐུབ་ཀྱི་མེད་པ་དང་། སྤྱི་འཐུས་པདྨ་བདེ་ལེགས་ལགས་དགོངས་ཞུ། འདེམས་ཐོན་ཡོ་རོབ་སྤྱི་འཐུས་བཀྲས་མཐོང་དབང་པོ་ལགས་ཕེབས་ཐུབ་མིན་ཁ་གསལ་མེད་པ་ཕུད་གཞན་ཚང་མ་ཕེབས་ཀྱི་ཡོད་པ་རེད་འདུག
ཧི་མ་ཅལ་མངའ་སྡེའི་ཕྱི་ནས་ཕེབས་པ་རྣམས་ས་གནས་སུ་ཕེབས་སྐབས། ཏོག་དབྱིབས་རིམས་ནད་འགོས་མེད་པའི་བརྟག་དཔྱད་ཀྱི་གྲུབ་འབྲས་ཡོད་པའི་ཐོག སླར་རྡ་རམ་ས་ལར་བདུན་ཕྲག་གཅིག་གི་རིང་ཟུར་བཀག་བཞུགས་ཉིན་ལྔ་པར་ཡང་བསྐྱར་རྟག་དཔྱད་གནང་བའི་རྗེས་སུ་ཚོགས་བཅར་ཞུ་རྒྱུ་ཡིན་པ་འགྲེལ་བརྗོད་གནང་གི་འདུག
ད་རེས་ཀྱི་གྲོས་ཚོགས་འདིའི་ཐོག་ལས་རིམ་གཙོ་བོ། བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་༢༠༢༡-༢༢ལོའི་ལོ་འཁོར་སྔོན་རྩིས་བཀའ་ཤག་ནས་འཆར་འབུལ་ཞུས་པར་སྤྱི་འཐུས་ལྷན་ཚོགས་ནས་བཀའ་འཁྲོལ་གཏན་འབེབས་གནང་རྒྱུ་དེ་ཡིན་པ་རེད།