བོད་མི་ནས་གདུང་སེམས་མཉམ་བསྐྱེད།
2013.06.24
༄༅༎ཕྱི་ཟླ་ ༦ ཚེས་ ༡༦ ཉིན་རྒྱ་གར་བྱང་ཕྱོགས་ ཨུ་ཏར་ཁནྜ ་མངའ་སྡེའི་ནང་ཆར་ཞོད་ཧ་ཅང་ཆེ་བའི་དབང་གིས་ས་ཉིལ་བ་དང་། ཆུ་ལོག་ཐོན་པ་སོགས་ཀྱི་རྐྱེན་པས་མི་གྲངས་ ༥༥༠ བརྒལ་བ་འདས་གྲོངས་སུ་གྱུར་བ་མ་ཟད། མི་མང་སྟོང་ཕྲག་བརྒལ་བའི་སྡོད་ཁང་རྩ་མེད་བཟོས་པ་སོགས་ཧ་ཅང་ཡ་ང་བའི་གནས་ཚུལ་བྱུང་བར་བརྟེན། ཕྱི་ཟླ་ ༦ ཚེས་ ༢༤ ཉིན་རྡ་སའི་ས་གནས་འགོ་འཛིན་ལས་ཁུངས་དང་། ས་གནས་འཐུས་ཚོགས། ས་གནས་རང་བདེན་ཚོགས་ཆུང་བཅས་ཀྱིས་གོ་སྒྲིག་ཐོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྔ་དྲོ་ཆུ་ཚོད་ ༩ ཐོག་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་དབུ་བཞུགས་ཀྱིས་དགེ་འདུན་རྣམ་པ་དང་། ས་གནས་མི་མང་། སློབ་ཕྲུག་བཅས་ལྷན་འཛོམས་ཐོག་མཆོད་འབུལ་སྨོན་ལམ་ཞིག་ཚོགས་ཡོད་པ་མ་ཟད། མངའ་སྡེའི་བློན་ཆེན་གྱི་དཀའ་སྡུག་ངལ་སེལ་གྱི་ཐེབས་རྩ་ཁང་དུ་ཕུལ་ཆེད་ཞལ་འདེབས་བསྡུ་བའི་ལས་འགུལ་ཞིག་ཀྱང་སྤེལ་ཡོད་པ་རེད།
རྡ་རམ་ས་ལའི་ས་གནས་བདེ་དོན་བསོད་ནམ་རྡོ་རྗེ་ལགས་ཀྱིས་དེ་རིང་མཆོད་འབུལ་སྨོན་ལམ་ཚོགས་དགོས་དོན་ནི། ཆུ་ལོག་དང་ས་རུད་ཀྱི་རྐྱེན་པས་མི་རྒྱུ་གཉིས་ལ་གོད་ཆགས་ཆེན་པོ་བྱུང་བའི་རྒྱ་གར་མི་མང་རྣམས་ལ་ཐུགས་གསོ་ཞུ་ཆེད་དང་། གདུང་སེམས་མཉམ་བསྐྱེད་ཞུ་ཆེད་དུ་ཡིན་ཞེས་གསུངས་འདུག། ཁ་ས་དབུས་བོད་མིའི་སྒྲིགས་འཛུགས་ཀྱིས་ཀྱང་འབྱུང་བའི་གོད་ཆགས་འོག་རྐྱེན་འདས་སུ་ཕྱིན་པ་རྣམས་ལ་ཐུགས་གསོ་ཞུས་ཐོག་མྱུར་སྐྱོབས་ལས་འགུལ་ཆེད་མངའ་སྡེའི་བློན་ཆེན་གྱི་དཀའ་སྡུག་ངལ་སེལ་ཐེབས་རྩ་ཁང་དུ་ཞལ་འདེབས་རྒྱ་གར་གྱི་སྒོར་མོ་འབུམ་གསུམ་ཕུལ་གནང་འདུག།