བོད་པའི་བུད་མེད་སྨན་ཞབས་མ་ཞིག་ལ་བཙན་གཡེམ་བྱས་འདུག
2014.08.20
བོད་པའི་བུད་མེད་སྨན་ཞབས་མ་ཞིག་ལ་བཙན་གཡེམ་བྱེད་མཁན་རྒྱ་གར་གྱི་སྐྱེས་པ་གཉིས་རྒྱ་གར་ཉེན་རྟོག་པས་འཛིན་བཟུང་བྱས་འདུག
དེ་ཡང་ཟླ་བ་འདིའི་ཚེས་༡༩ཉིན་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་སྐར་མ་ལྔ་ཅན་གྱི་མགྲོན་ཁང་ཨོ་རྦིས་རོ་ཡོ་Oberoi་Hotel་ཞེས་པའི་ནང་། རྒྱ་གར་གྱི་རང་བཙན་ཉིན་མོ་སྟེ་ཚེས་༡༥ཉིན་གྱི་དགོང་མོར་བོད་པའི་བུད་མེད་ཅིག་སྨན་ཞབས་མ་ཞིག་ལ་རྒྱ་གར་གྱི་ཕོ་གསར་གཉིས་ཀྱིས་བཙན་གཡེམ་བྱས་པའི་གནས་ཚུལ་ཐོན་ཡོད་ལ། བོད་པའི་བུད་མེད་དེ་ནི་སྨན་ཁང་ཞིག་གི་སྨན་ཞབས་མ་ཡིན་པར། གོང་བརྗོད་མགྲོན་ཁང་དེའི་སྦྱིན་བདག་གི་བཟའ་ཟླར་དུས་ཚོད་༢༤རིང་སྨན་བཅོས་ལྟ་སྐྱོང་བྱེད་མཁན་ཞིག་ཡིན་པ་དང་། ཚེས་༡༥ཉིན་གྱི་མཚན་མོར་སྦྱིན་བདག་གི་བཟའ་ཟླར་ལྟ་རྟོག་གི་ལས་ཀ་བྱེད་པར་བསྐྱོད་སྐབས་རྒྱ་གར་ཕོ་གསར་གཉིས་ཀྱིས་སྦྱིན་བདག་གི་ཁང་པའི་ནང་ཁོ་མོར་བཙན་གཡེམ་བྱས་ཡོད་པ་མ་ཟད། གལ་སྲིད་གནས་ཚུལ་ཕྱིར་བསྒྲགས་བྱས་ཚེ་མཇུག་འབྲས་ཡག་པོ་མེད་པའི་འཇིགས་སྐུལ་ཡང་བྱས་ཡོད་འདུག ཡིན་ནའང་རྗེས་སུ་བུད་མེད་དེའི་ཁྱོ་གའི་རམ་འདེགས་འོག་ལྡི་ལི་ས་གནས་ཉེན་རྟོག་ཁང་ཞིག་ལ་གནས་ཚུལ་ཡར་ཞུ་བྱས་རྗེས། རྒྱ་གར་ཉེན་རྟོག་པས་རྒྱ་གར་བ་ཕོ་གསར་དེ་གཉིས་འཛིན་བཟུང་བྱས་ཡོད་མ་ཟད། སྨན་ཁང་གི་རྟོག་ཞིབ་བརྒྱུད་བཙན་གཡེམ་བྱས་པའི་གནས་ཚུལ་བདེན་པ་ཡིན་པ་ར་སྤྲོད་བྱུང་ཡོད་ཟེར།
གཞན་ཡང་། ད་རེས་བཙན་གཡེམ་ཀྱི་གནོད་འཚེ་ཕོག་མཁན་བོད་པའི་བུད་མེད་སྨན་ཞབས་མ་དེ་ད་ལོ་རང་ལོ་༢༥ ལ་ཕེབས་ཡོད་པ་དང་། ཁོང་སྒེར་གྱི་སྨན་ཁང་ཞིག་གི་ནང་སྨན་ཞབས་མའི་ལས་ཀ་གནང་ཀྱི་ཡོད་པའི་གནས་ཚུལ་ཙམ་ལས། དེ་མིན་ཁོང་གི་ཞིབ་ཕྲའི་གནས་ཚུལ་ད་ལྟའི་ཆར་ཁ་གསལ་པོ་མེད་པ་རེད་འདུག སྤྱིར་བཙན་གཡེམ་བྱེད་མཁན་གཉིས་ཀྱིས་བུ་མོ་དེར་བཙན་གཡེམ་ཐེངས་གསུམ་ཙམ་བྱས་ཡོད་ན་ཡང་། ཉེས་ཅན་པ་དེ་གཉིས་ཀྱིས་བུ་མོ་དེར་བཙན་གཡེམ་བྱས་པ་ཕྱིར་བསྒྲགས་བྱེད་མི་ཆོག་པ་དང་ཕྱི་བསྒྲགས་བྱས་ན་སྲོག་ཉེན་ཡོད་ཚུལ་འཇིགས་སྐུལ་བྱས་ཡོད་པར་བརྟེན། བུད་མེད་དེས་ད་ལྟའི་བར་གནས་ཚུལ་དེ་ཕྱིར་བསྒྲགས་བྱེད་མ་ཕོད་པར་། རྗེས་སུ་བུ་མོ་དེའི་ཁྱོ་གས་གནས་ཚུལ་ཤེས་རྟོགས་བྱུང་སྟེ་ས་གནས་ཉེན་རྟོག་པར་བཤད་རྗེས། ད་ལྟའི་ཆར་ཉེས་ཅན་པ་དེ་གཉིས་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་རེད་འདུག
ཁོང་གཉིས་ཀྱི་མིང་ལ་Neeraj དང་། གཅིག་གི་མིང་ལ་Rajan ཟེར་གྱི་ཡོད་པར། མི་དེ་གཉིས་གཉིས་ཀ་མགྲོན་ཁང་གི་བདག་པོ་དེའི་སྒེར་གྱི་ལས་བྱེད་པ་ཡིན་པ་རེད་འདུག
གསར་འགོད་པ་རིག་འཛིན་དང་ལྕགས་མོ་འཚོ།