བལ་ཡུལ་ཉེན་རྟོག་པས་བོད་མི་ཞིག་འཛིན་བཟུང་གིས་འདྲི་རྩད་བྱས་འདུག
བལ་ཡུལ་གྱི་མི་སེར་གྱི་གནས་བབ་ཡོད་པའི་བོད་མི་ཞིག་བལ་ཡུལ་གྱི་རྒྱལ་སའི་ཉེན་རྟོག་པས་འཛིན་བཟུང་གིས་འདྲི་རྩད་བྱས་འདུག
བལ་ཡུལ་གྱི་མི་སེར་གྱི་གནས་བབ་ཡོད་པའི་བོད་མི་ཞིག་བལ་ཡུལ་རྒྱལ་སའི་ཨིསི་རེལ་གཞུང་ཚབ་ཀྱི་ཉེ་འདབས་ནས་འཇུ་བཟུང་བྱས་ཡོད་པ་དང་། བལ་ཡུལ་ནང་གི་འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་གྱིས་བརྗོད་ན། བོད་མི་བཀྲིས་རྡོ་རྗེ་བླ་མ་ཞུ་བ་ཁོང་གིས་མྱུལ་ཞིབ་བྱེད་ཀྱི་ཡོད་པའི་དྭོགས་གཞིའི་འོག་ས་གནས་སྐོར་སྲུང་བས་འཇུ་བཟུང་བྱས་འདུག
དེ་ཡང་བལ་ཡུལ་ནང་གི་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་ཀྱི་འབྲེལ་ཡོད་མི་སྣ་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཨི་རན་གྱི་རྡུལ་ཕྲན་ཚན་རིག་པ་རྐྱེན་ལམ་དུ་བཏང་ཞིང་། དེའི་བྱེད་གཏེ་ཨིསི་རཡེལ་ཡིན་པར་དོགས་པ་བྱེད་བཞིན་པའི་གནས་སྟངས་འདིའི་འོག ཡུལ་གྲུ་དེ་གཉིས་བར་ཛ་དྲག་འཁོན་འཛིན་གྱི་གནས་བབས་ཇེ་ཆེར་འགྲོ་བཞིན་ཡོད་པའི་སྐབས། བོད་མི་བཀྲིས་རྡོ་རྗེ་ཟེར་བ་དེ་ཕྱི་ཟླ་༡༡ཚེས་༣༠ཉིན་ཨེསི་རེལ་གཞུང་ཚབ་ཀྱི་ཉེ་འདབས་ཀྱི་དེབ་ཁང་ཞིག་ཏུ་འཛུལ་བ་མཐོང་སྐབས། བལ་ཡུལ་གྱི་ཉེན་རྟོག་པས་ཁོ་པའི་བྱ་སྤྱོད་ལ་དྭོགས་གཞི་བྱུང་སྟེ་ས་གནས་སྐོར་སྲུང་བས་འཇུ་བཟུང་བྱས་པ་དང་། (Durbarmarg)སྐོར་སྲུང་ལས་ཁུངས་སུ་བཀག་ཉར་བྱས་འདུག ཞིབ་རྩད་སྐབས་ཁོ་པ་བོད་དང་བལ་ཡུལ་གྱི་ས་མཚམས་ས་ཁུལ་ར་སུ་ཝ་ནས་ཡིན་པ་བལ་ཡུལ་མི་སེར་གྱི་ལག་འཁྱེར་ནས་ཤེས་རྟོགས་བྱུང་རྗེས་དེ་བས་དོགས་གཞི་ཆེ་རུ་སོང་ཡོད་པ་བལ་ཡུལ་ནང་གི་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་ཀྱི་མི་སྣས་ངོ་སྤྲོད་གནང་ཡོད་པ་རེད།
ས་གནས་སྐོར་སྲུང་ལས་ཁུངས་ནས་བོད་མི་བཀྲིས་ཞུ་བ་དེ་བཀག་ཉར་བྱས་རིང་ཁོང་བོད་མི་ཡིན་མིན་དང་བོད་མིའི་ས་གནས་བདེ་དོན་ལས་ཁུངས་སུ་ལས་ཀ་བྱེད་ཀྱི་ཡོད་མེད་འདྲི་ཞིབ་བྱས་ཡོད་ཅིང་། ཁོང་གི་བལ་པོའི་མི་སེར་ཡིན་པའི་བདེན་རྟགས་ཡིག་ཆ་མིག་སྟོན་གནང་བའི་རྗེས་ས་གནས་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་ཀྱི་འབྲེལ་ཡོད་མི་སྣས་རོགས་རམ་བྱས་ནས་ཕྱི་དྲོ་གློད་བཀྲོལ་བཏང་ཡོད་ཀྱང་། ཕྱི་ཟླ་༡༢ཚེས་༡ཉིན་སྐོར་སྲུང་ལས་ཁུངས་དེར་འབོད་འགུག་གིས་ལག་ཐོག་ཁ་པར་རྩིས་སྤྲོད་བསྡུ་ལེན་བྱས་འདུག་ཅིང་། ཁ་པར་ཞིབ་འཇུག་ཆེད་འཕྲུལ་རིག་རྟོག་ཞིབ་སྡེ་ཚན་ལ་བཏང་འདུག་ལ། བཀྲིས་རྡོ་རྗེ་ཁོང་གཟའ་འཁོར་འདིའི་རིང་ཉིན་ལྟར་སྐོར་སྲུང་ལས་ཁུངས་སུ་འབྱོར་ཐོ་འགོད་དགོས་པའི་བཀོད་ཁྱབ་བཏང་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། བཀྲིས་རྡོ་རྗེ་ཞུ་བའི་མི་རྒྱུད་བོད་མི་ཡིན་པའི་བལ་པོའི་མི་སེར་ཁོང་བལ་ཡུལ་རྒྱལ་སའི་ཧི་མ་ལ་ཡ་ནང་པའི་དཔེ་མཛོད་དང་རིག་གཞུང་ལྟེ་གནས་ཁང་དུ་ཕྱག་ལས་གནང་གི་ཡོད་འདུག