རྒྱ་ནག་གཞུང་གིས་རྒྱལ་མཚམས་བརྒལ་ཏེ་བཙན་བྱོལ་བོད་མིར་གནོན་ཤུགས་སྤྲོད་ཀྱི་འདུག
རྒྱ་ནག་གཞུང་གིས་རྒྱལ་མཚམས་བརྒལ་ཏེ་ཕྱིའི་རྒྱལ་ཁབ་ཁག་ནང་ཡོད་པའི་བཙན་བྱོལ་བོད་མི་ཚོར་གནོན་ཤུགས་སྤྲོད་ཀྱི་ཡོད་པའི་ཞིབ་འཇུག་སྙན་ཐོ་བཏོན་འདུག
རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་རྒྱལ་མཚམས་བརྒལ་བའི་དྲག་གནོན་ལས་འགུལ་སྤེལ་ཏེ་རྒྱ་གར་དང་བལ་ཡུལ་གཉིས་གཙོས་ཕྱི་རྒྱལ་ཁག་ཏུ་ཡོད་པའི་བཙན་བྱོལ་བོད་མིའི་ཐོག་འཆར་གཞི་ལྡན་པའི་ཐོག་ནས་གནོན་ཤུགས་སྤྲོད་བཞིན་པ་ཞིབ་འཇུག་སྙན་ཐོ་བཏོན་འདུག
དེ་ཡང་ཞིབ་འཇུག་སྙན་ཐོ་དེ་བཞིན་ཨ་རིའི་ནང་གི་རང་དབང་ཁང་པས། ཕྱི་ལོ་༢༠༡༤ནས་ ༢༠༢༡བར་རྒྱ་ནག་གཞུང་གིས་ཕྱིའི་རྒྱལ་ཁག་འདྲ་མིན་ནང་ཡོད་པའི་དམངས་གཙོ་དོན་གཉེར་བ་སྤྱི་དང་། ལྷག་པར་དུ་བོད་མི་དང་ཡུ་གུར་མི་རིགས་ཚོའི་ཐོག་ལྟ་ཞིབ་དང་། བརྙས་བཅོས་འཇིགས་སྐུལ་བཙན་ཁྲིད་སོགས་ཀྱི་བྱ་སྤྱོད་སྤེལ་གྱི་ཡོད་པའི་གནད་དོན་ཐད་ཞིབ་འཇུག་བྱས་བའི་སྙན་ཐོ་ཞིག་ཡིན་པ་དང་། སྙན་ཐོ་དེའི་ནང་། རྒྱ་ནག་འཛམ་གླིང་ནང་རྒྱལ་མཚམས་བརྒལ་ནས་དྲག་གནོན་བྱེད་མཁན་སྡུག་ཤོས་དེ་ཆགས་ཡོད་སྐོར་བཀོད་ཡོད་པའི་ཁར། རྒྱ་ནག་གིས་དམིགས་བསལ་བཙན་བྱོལ་བོད་མིའི་ཐོག་དྲག་གནོན་གྱི་ལས་འགུལ་སྤེལ་གྱི་ཡོད་པའི་སྐོར་ལ། བལ་ཡུལ་དང་རྒྱ་གར་གཙོས། ཡོ་རོབ། ཨ་རི་སོགས་སུ་གནས་པའི་བཙན་བྱོལ་བོད་མི་ཚང་མར་རྒྱ་ནག་གིས་འཆར་གཞི་ལྡན་པའི་ངང་གནོན་ཤུགས་སྤྲོད་ཀྱི་ཡོད་པ་དང་འབྲེལ། རྒྱ་ནག་གི་གནོན་ཤུགས་འོག དེ་སྔ་བོད་ནས་བལ་ཡུལ་བརྒྱུད་བོད་མི་སྐྱབས་བཅོལ་དུ་ཡོང་མཁན་སྟོང་ཕྲག་ཡོད་པ་ད་ཆ་ལོ་རེར་མི་གྲངས་ཁ་ཤས་ལས་ཡོང་ཐུབ་ཀྱི་མེད་པ་དང་། ཕྱི་ལོ་༢༠༡༩ལོར་སྐྱབས་བཅོལ་དུ་ཡོང་མཁན་བོད་མི་༢༣ལས་བྱུང་མེད། ཡང་ལོ་དེར་བོད་མི་༦བལ་ཡུལ་དུ་འབྱོར་ཡོད་ནའང་བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྩིས་སྤྲོད་བྱས་ཡོད་པ་དང་། ཕྱི་ལོ་༢༠༡༩ལོར་བལ་ཡུལ་དང་རྒྱ་ནག་བར་ས་མཚམས་དོ་དམ་གྱི་གྲོས་མཐུན་བཞག་ཡོད་སྟབས། བལ་ཡུལ་གཞུང་ནས་བོད་མི་ཚོ་རྒྱ་ནག་ལ་རྩིས་སྤྲོད་བྱེད་དགོས་པ་རྒྱ་ནག་གཞུང་གི་གནོན་ཤུགས་སྤྲོད་ཀྱི་ཡོད་པ་རེད། ན་ནིང་༢༠༢༠ལོར་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་ཉེན་རྟོག་པ་པད་མ་དར་རྒྱས་ཟེར་བས་ཨ་རིར་གནས་པའི་བོད་མིའི་ཐོག་གསང་མྱུལ་བྱས་ཡོད་པ་དང་། དེ་བཞིན། སི་ཝའེ་ཌན་དང་སུ་སིད། ཁེ་ན་ཌ་བཅས་ཀྱི་ནང་བོད་མིའི་ཐོག་རྒྱ་ནག་གིས་གསང་བའི་མྱུལ་ཞིབ་བྱེད་ཀྱི་ཡོད་སྐོར་སོགས་བཀོད་ཡོད་འདུག
ཡང་སྙན་ཐོའི་ནང་། རྒྱ་ནག་གིས་ཕྱི་ལོ་༢༠༡༤ནས་༢༠༢༡བར་ཕྱི་ཕྱོགས་རང་དབང་ལུང་པའི་ནང་གནས་པའི་མི་གྲངས་༢༡༤ལ་ཐད་ཀར་དྲག་པོའི་བྱ་སྤྱོད་སྤེལ་ཡོད་པ་དང་། རྒྱ་ནག་གིས་ཐབས་ཇུས་འདྲ་མིན་གྱི་ཐོག་ནས་ཕྱི་ཕྱོགས་སུ་ཡོད་པའི་བོད་མི་དང་ཡུ་གུར། ཧོང་ཀོང་། དེ་བཞིན་དམར་ཤོག་ཚོགས་པའི་ཁ་གཏད་དུ་གྱུར་བའི་རྒྱ་རིགས་སོགས་ཀྱི་འགྲོ་འདུག་གི་རང་དབང་ལ་ཚོད་འཛིན་དང་། དྲ་ལམ་ནས་འཇིགས་སྐུལ་དང་བཙན་སྐུལ། གསང་ཞིབ་སོགས་བྱེད་ཀྱི་ཡོད་པ་མ་ཟད། རྒྱལ་ཁབ་གཞན་དང་འབྲེལ་འདྲིས་ཀྱིས་སྐྱབས་བཅོལ་བ་ཕྱིར་རྒྱ་ནག་ལ་རྩིས་སྤྲོད་ཡོང་ཐབས་སོགས་བྱེད་ཀྱི་ཡོད་སྐོར་བརྗོད་འདུག