བཞུགས་སྒར་དུ་བོད་མིའི་སྒྲིག་འཛུགས་གཞུང་མང་གཉིས་ནས་གསུམ་བཅུའི་དུས་དྲན་ཐེངས་ ༦༥ སྲུང་བརྩི་ཞུས་པ།
བཙན་བྱོལ་བོད་མིའི་ཆོས་སྲིད་ཀྱི་ལྟེ་གནས་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བོད་མིའི་སྒྲིག་འཛུགས་གཞུང་མང་གཉིས་ཀས་འཆར་ཅན་ལྟར། སྤྱི་ཟླ་ ༣ པའི་ཚེས་ ༡༠ ཉིན་འདིར་སྤྱི་ལོ་ ༡༩༥༩ ལོར་བོད་ཀྱི་རྒྱལ་ས་ལྷ་སར། བོད་རྒྱ་ཆེའི་མང་ཚོགས་ཀྱིས་རྒྱ་ནག་གི་བཙན་འཛུལ་ལ་ངོ་རྒོལ་སྒེར་ལངས་གནང་སྟེ་མི་ལོ་ ༦༥ འཁོར་བའི་དུས་དྲན་སྲུང་བརྩི་གནང་བའི་སྟེང་། འཇར་མན་དང་ཨོ་སི་ཁྲི་ར་ལི་ཡའི་གྲོས་ཚོགས་འཐུས་ཁག་ཅིག་བོད་དོན་རྒྱབ་སྐྱོར་མཚོན་པར་ཕེབས་ཡོད་པ་ཚོར། ཐོག་མར་བཞུགས་སྒར་ཕོ་བྲང་དུ་བོད་མིའི་དབུ་ཁྲིད་༸གོང་ས་མཆོག་ནས་མཇལ་ཁ་སྩལ་ཏེ་བཀའ་སློབ་ཕེབས་དོན།
འགྲོ་བ་མི་རྣམས་ནི་སེམས་རྩ་ཁོལ་བོ་དང་ཕན་ཚུན་དབར་མིང་དོན་མཚུངས་པའི་གཅེན་གཅུང་གི་མཛའ་བརྩེ་ཡོད་པ་བརྒྱུད། འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་ལྡན་པའི་ལམ་ནས་མཉམ་ལས་དང་མཉམ་གནས་དགོས་པ་ལས། འགྲོ་བ་མི་རྣམས་རྒྱལ་ཁོངས་མི་གཅིག་པ་དང་ལྟ་གྲུབ་མི་འདྲ་བ་སོགས་ཀྱིས། ཕན་ཚུན་འཁྲུག་རྩོད་དང་གསོད་རེས་གཏོང་བ་ནི་ཧ་ཅང་ནོར་འཁྲུལ་ཚབས་ཆེན་རེད། ད་ཆ་ང་ཚོས་འགྲོ་བ་མི་ཚང་མ་གཅིག་པ་ཡིན་པར་བསམ་བློ་གཏོང་དགོས་པ་སྟེ། ང་ཚོ་ཨ་མ་ལས་སྐྱེས་ཙམ་ཉིད་ནས་ཨ་མས་བྱམས་སྐྱོང་གང་དྲག་གནང་དགོས་པ་མ་གཏོགས། ཆོས་ལུགས་དམིགས་བསལ་བ་ཅི་ཡང་མེད་པར་མིའི་ལྷན་སྐྱེས་ཀྱི་ཡོན་ཏན་ཙམ་ལ་བརྟེན་ཡོད་ཅེས་ལམ་སྟོན་སྩལ་འདུག་ཅིང་།
དུས་དྲན་དངོས་གཞིའི་སྟེང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས། རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་ཉམས་དམས་དང་བོད་བརྒྱུད་ནང་བསྟན་ལ་གཏོར་རྒོལ་སོགས་བྱེད་བཞིན་པར་སྐྱོན་བརྗོད་ཤུགས་ཆེ་དང་འབྲེལ། རྒྱ་ནག་གཞུང་གིས་ད་ལྟ་ལག་ལེན་བསྟར་བཞིན་པའི་མི་རིགས་རྩ་མེད་ཀྱི་སྲིད་ཇུས་འཕྲལ་དུ་མཚམས་འཇོག་དགོས་པའི་གཞེན་སྐུལ་དང་། བོད་མིའི་སྒྲིག་འཛུགས་ཀྱིས་དབུ་མའི་ལམ་བརྒྱུད་ནས་བོད་རྒྱའི་དཀའ་རྙོག་སེལ་བའི་ཆོད་སེམས་བརྟན་པོ་ཡོད་པ་གསལ་སྟོན་གནང་གི་འདུག
ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་འཕྲིན་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ནས་སྒྲོག་སྦྱང་གནང་བའི་ནང་། རྒྱ་ནག་གཞུང་གིས་བོད་ནང་མ་ཟད་བཙན་བྱོལ་དུའང་བོད་མིའི་ཐོག་འཇིགས་སྐུལ་དམ་དྲག་རིམ་པར་བྱེད་བཞིན་པ་དང་། བོད་རིགས་ཡོངས་ལ་རང་སྲིད་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་རྒྱ་ནག་ལ་སྤྲད་ཟིན་ཀྱང་། རྒྱ་ནག་གཞུང་གིས་ད་བར་འགན་ཁུར་ཇི་བཞིན་མ་བླངས་པ་སོགས་ཀྱི་སྐྱོན་བརྗོད་གནང་གི་འདུག
གསུམ་བཅུའི་དུས་དྲན་ཐེངས་ ༦༥ པའི་སྟེང་འཇར་མན་དང་ཨོ་སི་ཁྲི་ར་ལི་ཡའི་གྲོས་ཚོགས་འཐུས་མི་ཁག་ཅིག་ཆེད་བཅར་གནང་སྟེ། བོད་དོན་རྒྱབ་སྐྱོར་དང་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཤུགས་ཆེའི་གསུང་བཤད་གནང་ཡོད་པ་ལས། འཇར་མན་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་མེ་ཁིལ་ཀལ་སྦི་རན་ཊི་ལགས་ནས་གསུང་བཤད་གནང་དོན།
རྒྱ་ནག་དམར་གཞུང་གིས་གདུག་རྩུབ་ཆེ་ཤོས་ཀྱི་ལམ་ནས་བོད་ཀྱི་རིག་གཞུང་རྩ་གཏོར་དང་སྐད་ཡིག་རྩ་སྟོང་། བོད་ཀྱི་ལོ་རྒྱུས་དང་ཆོས་དད་ཤུལ་མེད་དུ་བཟོ་ཐབས་ཀྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་པ་དེ། ལམ་ལྷོང་མི་ཡོང་བ་ནི་རང་བཞིན་གྱི་ཆོས་ཉིད་དང་ཐེ་ཚོམ་བྱ་མི་དགོས་པ་ཞིག་སྟེ། ང་ཚོས་ལོ་རྒྱུས་ལ་ཕྱིར་མིག་བལྟས་ན་གདུག་རྩུབ་ཆེ་བའི་ལྟ་གྲུབ་གང་གིས་ཀྱང་འགྲོ་བ་མིའི་རིན་ཐང་དང་། བསམ་པ་རླབས་ཆེན་གྱི་རིགས་ལ་ཡིད་ཆེས་བྱེད་པ་ལས་རྒྱལ་ཁ་ཐོབ་མྱོང་མེད་པར་ཕམ་ཉེས་སུ་ཕྱིན་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག
ཡང་ཉི་མ་འདིར་བཞུགས་སྒར་དུ་རྣམ་ཀུན་དང་འདྲ་བར་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ནས་གོ་སྒྲིག་གནང་སྟེ། གཞུང་འབྲེལ་གྱི་མཛད་རིམ་གྲོལ་བ་དང་བོད་མི་སེར་སྐྱ་བརྒྱ་ཕྲག་མང་པོས་མེག་གྷན་ནས་རྡ་ཤོད་ཀ་ཅ་རི་བར་དུ། རྒྱ་ནག་གཞུང་ལ་སྐད་འབོད་ངོ་རྒོལ་གྱི་གོམ་བགྲོད་ལས་འགུལ་ཅིག་ཀྱང་སྤེལ་ཡོད་པ་རེད།
འཇར་མན་གྱི་གྲོས་ཚོགས་འཐུས་མི་གཅིག་དང་ཨོ་སི་ཁྲི་ར་ལི་ཡའི་གྲོས་ཚོགས་འཐུས་མི་བཞི་དུས་དྲན་འདིར་བཅར་བ་ཚོས།ཉིན་རྒྱབ་བོད་དོན་རྒྱབ་སྐྱོར་དང་བོད་མི་ཚོར་གདུང་སེམས་མཉམ་བསྐྱེད་མཚོན་པར་གསར་འགོད་གསལ་བསྒྲགས་ཤིག་ཀྱང་གནང་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།