རྔ་བ་ཀིརྟི་དགོན་གྱི་དགེ་འདུན་པ་རྭ་ཆུང་དགེ་འདུན་ལགས་སུ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག
འདི་ལོའི་ཕྱི་ཟླ་༧པའི་ནང་རྒྱ་ནག་གཞུང་གིས་རྔ་བ་རྫོང་རྨེའུ་རུ་མའི་རུ་ཆེན་གསུམ་པ་ནས་ཡིན་པ། རྔ་ཡུལ་ཀིརྟི་དགོན་དགེ་ལྡན་ལེགས་བཤད་གླིང་གི་དགེ་བཤེས་བཀའ་བཅུ་པ་རྭ་ཆུང་དགེ་འདུན་ལགས་སུ། ཕྱི་ཕྱོགས་སུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གཉིས་ལ་སྐྱབས་བསྔོ་ཞུ་རྟེན་ཆེད་དངུལ་བསྐུར་བའི་ཉེས་མིང་འོག དུས་ཡུན་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ཁོང་ལ་འདི་ལོའི་ཕྱི་ཟླ་༧ནང་ཁྲིམས་ཐག་བཅད་ཡོད་པ་ཤེས་རྟོགས་ལས་ཁྲིམས་ཐག་ག་དུས་བཅད་མིན་གྱི་དུས་ཚེས་ཏག་ཏག་དེ་གསལ་ཁ་མེད་པ་དང་། དངུལ་བསྐུར་བ་སོགས་ཁ་པར་བརྒྱུད་ཤེས་རྟོགས་བྱུང་སྐོར་གྱི་ཉེས་འཛུགས་ཀྱིས་ད་ལྟའི་ཆར་རྒྱ་ནག་ཁྲིན་ཏུའུ་མེན་ཡང་བཙོན་ཁང་དུ་ཁྲིད་ཡོད་པ། བོད་ནང་དང་བཙན་བྱོལ་ནང་གི་བོད་མི་གཉིས་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་མཚན་བརྗོད་འདོད་མེད་པའི་བོད་ནང་གི་གནས་ཚུལ་མཁོ་སྤྲོད་པ་དེས་མུ་མཐུད་བརྗོད་དོན་ལ། རྭ་ཆུང་དགེ་འདུན་ལགས་ཕྱི་ལོ་༢༠༢༡ཟླ་༤ཚེས་༡ཉིན་གྱི་མཚན་མོར་རྔ་ཡུལ་ཀིརྟི་དགོན་གྱི་རང་ཤག་ནས་གློ་བུར་དུ་ཉེན་རྟོག་པས་བཟུང་སྟེ། ཟླ་བ་གསུམ་ལྷག་རིང་ནང་མི་ཚོས་ཁོང་གང་དུ་ཁྲིད་ཡོད་སོགས་ཤེས་རྟོགས་མ་ཐུབ་པར་ལྷག་ཡོད་པ་དང་། རྗེས་སུ་ཁོང་འཛིན་བཟུང་བྱས་པའི་གནས་ཚུལ་ཤེས་རྟོགས་བྱུང་རྗེས་ནང་མི་ཚོས་ཁོང་གང་མགྱོགས་ཕྱིར་རང་ཁྱིམ་དུ་གཏོང་བའི་རེ་བ་བྱས་ཏེ། གནས་སྐབས་ཕྱིར་བསྒྲགས་རིགས་མ་བྱས་ཀྱང་རེ་འབྲས་གང་ཡང་མ་སོན་མེད་པ་དང་། འདས་པའི་ལོ་གཅིག་ལྷག་རིང་ནང་མི་ཚོར་ཐུག་འཕྲད་གང་ཡང་བྱེད་བཅུག་མེད་པ་འགྲེལ་བརྗོད་གནང་བྱུང་།
ཡང་འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་པས་དགེ་བཤེས་བཀའ་བཅུ་པ་རྭ་ཆུང་དགེ་འདུན་ལགས་ད་ཐེངས་ཙམ་མ་ཡིན་པར། ལོ་དུས་གསལ་བོ་ཤེས་རྟོགས་མ་བྱུང་ཀྱང་རྒྱ་ནག་གཞུང་གིས་རྔ་བ་ཀིརྟི་དགོན་དུ་རྒྱལ་གཅེས་ཆོས་གཅེས་ལས་འགུལ་ཤུགས་ཆེར་སྤེལ་བར་ངོ་རྒོལ་བྱས་སྟབས། སྐབས་དེར་འཛིན་བཟུང་གིས་ཟླ་ཤས་རིང་འདྲི་རྩད་བཀག་ཉར་བྱས་ཡོད་པ་དང་། གཞན་ཡང་རྔ་བ་རྫོང་ཁོངས་སུ་རང་ལུས་མེར་སྲེག་གི་དོན་རྐྱེན་བྱུང་མུས་ཀྱི་སྐབས་ཤིག་ལ། ཉེན་རྟོག་པ་མཚན་མོ་གློ་བུར་དུ་རྭ་ཆུང་དགེ་འདུན་ལགས་ཀྱི་བཞུགས་ཤག་ཏུ་ཡོང་སྟེ་བསྔོག་བཤེར་གྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་རྣམས་བཙན་འཕྲོག་དང་། ཁོང་ལ་འདྲི་རྩད་ཐེངས་མང་བྱས་མྱོང་ཡོད་པ་དང་། གཞན་ཡང་རྔ་བ་ཀིརྟི་དགོན་དུ་འདི་ལོའི་ཕྱི་ཟླ་༧ནང་དགེ་བཤེས་བསོད་ནམས་རྒྱ་མཚོ་ལགས་སུ་ཕྱི་ཕྱོགས་སུ་དངུལ་བསྐུར་བའི་ཉེས་འཛུགས་ཀྱིས་ལོ་གཉིས་ཁྲིམས་ཐག་བཅད་ཡོད་པ་བཞིན། སྔར་ལོ་ནས་བཟུང་ཀིརྟི་དགོན་གཅིག་པུའི་ནང་དགེ་འདུན་པ་༢༠ལྷག་འཛིན་བཟུང་བྱས་པའི་གནས་ཚུལ་འདུག་ཀྱང་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པ་སོགས་འགྲེལ་བརྗོད་གནང་བྱུང་།
རྭ་ཆུང་དགེ་འདུན་ལགས་ནི་ཕ་འདས་པོ་རྭ་ཆུང་ཀུ་ཡེ་དང་མ་ནོར་པོ་གཉིས་ཀྱི་བུ་ཡིན་པ་དང་། ཁོང་ཉིད་ཆུང་དུས་ནས་རྔ་ཡུལ་ཀིརྟི་དགོན་དགེ་ལྡན་ལེགས་བཤད་གླིང་གི་ཆོས་སྒོར་ཞུགས་ཏེ། དགེ་བའི་བཤེས་གཉེན་ཆེན་པོ་སྦྱོར་དགེ་ཨ་ཁུ་ཆོས་འཛིན་དང་ཨ་ཁུ་བློ་ཡེའམ་རྭ་ཁོའི་བློ་བཟང་བསོད་ནམས། དགེ་བཤེས་བློ་བཟང་བཀྲ་ཤིས་སོགས་ཚུལ་བཞིན་དུ་བསྟེན་ནས་བསླབ་པ་སློབ་གཉེར་ལ་གཞོལ་ཏེ་དགོན་པའི་འདོན་ཆོས་སྤྱོད་ཀྱི་རིགས་བློ་འཛིན་དང་། ལྷག་པར་གཞུང་ཆེན་བཀའ་པོད་ལྔ་ལས་མངོན་རྟོགས་རྒྱན་དང་དབུ་མ་འཇུག་པ། རྣམ་འགྲེལ་རྩ་བ།དྲང་ངེས་ལེགས་བཤད་སྙིང་པོ། འགྲེལ་པ་དོན་གསལ།པཎ་ཆེན་ཕར་ཕྱིན་སྤྱི་དོན་སྐབས་དང་པོ་སོགས་བློ་འཛིན་གྱིས་དགོན་པའི་ཚོགས་འདུ་ལས་སྣེའི་མདུན་རྒྱུགས་སྤྲོད་དང་། གཞུང་ཆེན་བཀའ་པོད་ལྔ་གར་འཆད་ཉན་དང་། ཕྱི་ལོ་༢༠༡༧ནས་དགེ་བཤེས་རྒྱུགས་སྤྲོད་ལ་ཞུགས་ཏེ་དགེ་བཤེས་བཀའ་བཅུ་པའི་མཚན་བཏགས་གྲྭ་སྐོར་དམ་བཅའ་ཀིརྟི་དགོན་ཁག་ལ་འགྲོ་བཞིན་པའི་སྐབས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག་ལ། ཁོང་ནི་འདི་ལོའི་ཟླ་༣ཚེས་༢༧ཉིན་གྱི་ཞོགས་པ་རྔ་བ་ཀིརྟི་དགོན་པར་ལྟ་རྟོག་བྱེད་མཁན་གྱི་ཉེན་རྟོག་ལས་ཁུངས་མདུན་དུ་རང་ལུས་མེར་སྲེག་གནང་མཁན་ལོ་བརྒྱད་ཅུ་གྱ་གཅིག་ཡིན་པ་བོད་མི་བཀྲ་ཕུན་ལགས་ཀྱི་ཚ་བུ་ཡང་ཡིན་འདུག
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།