བོད་ཀྱི་དགོན་སྡེ་ཁག་ཅིག་ཏུ་རྒྱ་ནག་གི་འཁྱོག་བཤད་དྲིལ་བསྒྲགས་སྤེལ་སའི་ཡན་ལག་འགྲེམས་སྟོན་ཁང་འཛུགས་སྐྲུན་བྱས་ཡོད་འདུག

2022.06.22
བོད་ཀྱི་དགོན་སྡེ་ཁག་ཅིག་ཏུ་རྒྱ་ནག་གི་འཁྱོག་བཤད་དྲིལ་བསྒྲགས་སྤེལ་སའི་ཡན་ལག་འགྲེམས་སྟོན་ཁང་འཛུགས་སྐྲུན་བྱས་ཡོད་འདུག འདི་ལོའི་ཕྱི་ཟླ་༥་ནང་དབུ་འབྱེད་བྱས་པའི་བཀྲ་ཤིས་ལྷུན་པོ་དགོན་པའི་ཡན་ལག་འགྲེམས་སྟོན་ཁང་།
Chinese media

འདི་ལོའི་ཕྱི་ཟླ་༥་ནས་བཟུང་རྒྱ་ནག་གཞུང་གིས་ཆེད་གཉེར་ཆབ་སྲིད་དང་དྲིལ་བསྒྲགས་སློབ་གསོའི་ཆེད། བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་ཡོད་པའི་ཕོ་བྲང་པོ་ཏ་ལ་དང་། འབྲས་སྤུངས་དགོན། དེ་བཞིན་བཀྲ་ཤིས་ལྷུན་པོ་དགོན་དང་ས་སྐྱ་དགོན་སོགས་སུ་གནའ་ཤུལ་སྲུང་སྐྱོབ་ཡན་ལག་ཁང་དང་། རིག་གནས་སྲུང་སྐྱོང་ལྟེ་གནས་ཟེར་བ་སོགས་ཀྱི་འགྲེམས་སྟོན་ཁང་ཁག་ཅིག་ཆེད་འཛུགས་བྱས་ཏེ། འགྲེམས་སྟོན་ཁང་དེ་དག་ནང་གནའ་སྔ་མོ་ནས་བོད་རྒྱ་ནག་གི་ཆ་ཤས་ཡིན་པའི་རིག་དངོས་འགྲེམས་སྟོན་དང་། ཆེད་དམིགས་གྲྭ་བ་ཚོར་རྒྱ་ནག་གཞུང་གི་སློབ་གསོ་སྤྲོད་ས་དང་ཡུལ་སྐོར་བ་ཚོར་བོད་ངོ་སྤྲོད་བྱེད་ཡུལ་བཟོས་ཡོད་སྐོར། བོད་ནང་གི་འབྲེལ་ཡོད་བོད་མི་ཞིག་ནས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

ད་ལྟའི་ཆར་རྒྱ་ནག་གཞུང་གིས་ཆེད་འཛུགས་བྱས་པའི་འགྲེམས་སྟོན་ཁང་དེ་དག་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཀྱི་ལྟེ་གནས་ཤིག་ཡིན་སྐོར་བརྗོད་བཞིན་ཡོད་ཀྱང་། བཀྲ་ཤིས་ལྷུན་པོའི་འགྲེམས་སྟོན་ཁང་ནང་རྒྱ་ནག་གཞུང་གི་རིག་དངོས་མང་པོ་འགྲེམས་སྟོན་དང་།ས་སྐྱ་དགོན་པའི་ཡན་ལག་འགྲེམས་སྟོན་ཁང་ནང་རྒྱ་ནག་གི་ཡོན་དང་མིང་རྒྱལ་རབས་དུས་སྐབས་ཀྱི་རིག་དངོས་འགྲེམས་སྟོན་བྱས་ཡོད་པ་དང། བོད་གནས་ལྟ་ཞིབ་ཁང་གི་བོད་གནས་ཉམས་ཞིབ་པ་པདྨ་རྒྱལ་ལགས་ནས་དགོན་པ་ཁག་ཏུ་འཛུགས་སྐྲུན་བྱེད་བཞིན་པའི་འགྲེམས་སྟོན་ཁང་དེ་དག་ནི་ཆ་ཤས་ཙམ་ཡིན་པ་ལས། རྒྱ་ནག་གཞུང་གིས་བོད་ཀྱི་མི་རབས་གསར་བ་ཚོའི་ཀླད་པ་དཀྲུ་ཆེད་ལོ་རྒྱུས་དང་རིག་གནས་རྫུན་བཟོ་བྱས་ཏེ། བོད་ཀྱི་ས་ཁུལ་གང་ཡང་དྲིལ་བསྒྲགས་ཁང་འཛུགས་སྐྲུན་མང་པོ་བྱས་ཡོད་སྐོར་བརྗོད་བྱུང་།

tibetan2.png

རྒྱ་ནག་གཞུང་འབྲེལ་རྒྱ་ཡིག་གི་དྲ་རྒྱ་ཀྲུང་གོའི་བོད་ཞེས་པའི་གནས་ཚུལ་ནང་། དགོན་པ་ཁག་ཏུ་ཡན་ལག་འགྲེམས་སྟོན་ཁང་དེ་དག་བོད་རང་སྐྱོང་ལྗོངས་རིག་གནས་ལས་ཁུངས་ཟེར་བས་གོ་སྒྲིག་འོག་གཉེར་བཞིན་ཡོད་པ་དང་། འགྲེམས་སྟོན་ཁང་དེ་དག་ལས་རྒྱ་ནག་གིས་གནའ་སྔ་མོ་ནས་བོད་ལྗོངས་ལ་བཅོས་སྐྱོང་ནུས་ལྡན་བྱས་པའི་དཔང་བོ་ཡིན་སྐོར་བཀོད་ཡོད་ན་ཡང་། པདྨ་རྒྱལ་ལགས་ནས་རྒྱ་ནག་གཞུང་གིས་དེ་བོད་ཀྱི་གནས་སྲུང་སྐྱོབ་ཀྱི་མིང་ཐོག་ནས་ལས་གཞི་སྤེལ་བཞིན་པ་ཚ་མ་བོད་ཀྱི་རིག་གནས་བསྒྱུར་བཅོས་དང་། ལྷག་པར་དུ་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་ཏུ་བསྒྱུར་རྒྱུའི་ལས་གཞིའི་ཆེད་ཡིན་སྐོར་བརྗོད་བྱུང་།

རྒྱ་ནག་གཞུང་གིས་འབྲས་སྤུངས་དགོན་པའི་ཡན་ལག་འགྲེམས་སྟོན་ཁང་དེ་ཐོག་མར་འཛུགས་སྐྲུན་རྗེས། བོད་ཀྱི་པོ་བྲང་པོ་ཏ་ལའི་ནང་གནའ་ཤུལ་རིག་དངོས་སྲུང་སྐྱོབ་བསྐྱར་གསོ་ཁང་ཞེས་པ་ཞིག་བཟོས་ཡོད་པ་དང་། ད་ལྟའི་ཆར་ཡན་ལག་འཛུགས་སྐྲུན་ཁང་དེ་དག་ཚོད་ལྟའི་ངོ་བོར་ཡོད་པ་དང་། མ་འོངས་པར་མུ་མཐུད་དགོན་སྡེ་ཁག་ཏུ་འགྲེམས་སྟོན་ཁང་ཇེ་མང་དང་རྒྱ་ཆེ་རུ་གཏོང་རྒྱུ་ཡིན་སྐོར་བཀོད་ཡོད་པ་རེད། 

གསར་འགོད་པ། སངས་རྒྱས་དཀོན་མཆོག 
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། 
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎