བོད་ཀྱི་ཆེས་མཐོའི་སྨན་པའི་ལྷན་ཚོགས་དབུ་བརྙེས་པའི་དུས་ཆེན།
2015.01.05

བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་བོད་ཀྱི་གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་དབུ་བརྙེས་ནས་མི་ལོ་༡༡་འཁོར་ཡོད་འདུག
དེ་ཡང་བཙན་བྱོལ་བོད་མིའི་བོད་ཀྱི་གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་དབུ་བརྙེས་ནས་ལོ་༡༡་འཁོར་བའི་དུས་ཆེན་སྲུང་བརྩི་དང་། དམིགས་བསལ་གྱི་ཚོགས་འདུ་ཐེངས་གཉིས་པའི་དབུ་འབྱེད་ཀྱི་མཛད་སྒོ་ཞིག་དེ་རིང་བཞུགས་སྒར་རྡ་རམ་ས་ལའི་བོད་ཀྱི་སྨན་རྩིས་ཁང་གི་མཐོ་སློབ་ཚོགས་ཁང་ནང་ཚོགས་གནང་འདུག སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་དྲུང་ཆེ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་དང་། བོད་མི་མང་སྤྱི་འཐུས་རྒྱུན་ལས་སྐུ་ཚབ་སྤྱི་འཐུས་རྒྱ་རིགས་ཐར་ལགས། གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་ཀྱི་འགན་འཛིན་གྱིས་གཙོས་ཕྱོགས་མཐའ་ཁག་ནས་ཕེབས་པའི་སྨན་པ་སོགས་མི་གྲངས་༧༠་ཙམ་ལྷན་འཛོམས་ཐོག་མཛད་སྒོ་དབུ་འཛུགས་གནང་འདུག ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་གིས་སྣང་གསལ་ཞལ་ཕྱེ་གྲུབ་མཚམས་སུ་སྐུ་མགྲོན་གཙོ་བོས་གཡུ་ཐོག་སྙིང་ཐིག་སྨན་སྦྱོར་ཁང་གི་དེབ་སྐྱེལ་ཕྱག་འཁྱེར་གནང་བ་དང་། སྐབས་དེར་ཁོང་ནས་བོད་ཀྱི་གསོ་རིག་ཆེས་མཐོའི་སྨན་པའི་ལྷན་ཚོགས་འདི་སྐབས་༡༣་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གྲོས་ཚོགས་ཚོགས་ཐེངས་ལྔ་པའི་སྐབས་ཁྲིམས་དང་སྒྲིག་གཞི་སོགས་གཏན་འབེབས་གནང་སྟེ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་འཁྲོལ་བསྩལ་བ་ནས་བཟུང་བོད་མིའི་སྒྲིག་འཛུགས་ཀྱི་རང་སྐྱོང་ངོ་བོའི་ཐོག་གཞུང་འབྲེལ་ཚོགས་པ་ཞིག་ཆགས་ཡོད་པ་དང་། ཚོགས་པ་འདི་དབུ་བརྙེས་པ་ནས་བཟུང་ད་བར་ཕྱག་ལས་མི་ཉུང་བ་ཞིག་གནང་ཡོད་པ་མ་ཟད། གྲུབ་འབྲས་ཀྱང་གང་ཙམ་ཐོན་ཡོད་སྐོར་སོགས་གསུངས་འདུག བོད་ཀྱི་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཞེས་པ་དེ་ནི་ཕྱི་ལོ་༢༠༠༤་ལོའི་ཕྱི་ཟླ་༡་ཚེས་༥་ཉིན་གསར་འཛུགས་གནང་བ་ཞིག་རེད
གསར་འགོད་པ་བསོད་ནམས་ལྷ་མོ།