བོད་ཀྱི་སྲོལ་རྒྱུན་གྱི་འཚོ་བ་རྩ་བརླག་ཏུ་འགྲོ་བའི་ཉེན་ཁ་ཇེ་ཆེ་རེད། བོད་ནང་ནས།
2019.03.14

རྒྱ་ནག་གཞུང་གི་སྲིད་བྱུས་འོག་བོད་ཀྱི་ཞིང་འབྲོག་རྣམས་ཀྱི་སྲོལ་རྒྱུན་གྱི་འཚོ་བ་རྩ་བརླག་ཏུ་འགྲོ་བའི་ཉེན་ཚབས་ཆེ་རུ་ཕྱིན་ཡོད་པ་བོད་ནང་གི་བོད་མི་ཞིག་གིས་ངོ་སྤྲོད་གནང་གི་འདུག
རྒྱ་ནག་གཞུང་གིས་འདས་པའི་ལོ་དྲུག་བཅུའི་ནང་བོད་ཀྱི་ཞིང་འབྲོག་མི་དམངས་ཀྱི་ཆེད་དཔལ་འབྱོར་གྱི་འགྲོ་གྲོན་ཕོན་ཆེ་བཏང་ལུགས་དང་། ཕྱི་ལོ་ ༢༠༡༨ ལོ་གཅིག་པུའི་ནང་ཞིང་འབྲོག་མི་དམངས་འབུམ་གསུམ་ཙམ་ལ་ནགས་ཚལ་དོ་དམ་ལས་ཁུངས་ཁག་གི་ནང་ལས་ཀ་སྤྲད་དེ་ཡོང་བབས་ཨ་མི་རི་ཀའི་ཌོ་ལར་ས་ཡ་ ༢༢༣ ཙམ་འཕེལ་རྒྱས་བཏང་ཡོད་ལུགས་རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་ཐོག་གནས་ཚུལ་སྤེལ་ཡོད་པ་རེད།
འོན་ཀྱང་བོད་ནང་གནས་སྡོད་མིང་འབོད་གནང་འདོད་མེད་པའི་ཞིབ་འཇུག་སློབ་མ་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ། རྒྱ་ནག་གཞུང་གིས་བོད་ནང་དཔལ་འབྱོར་དང་བོད་མིའི་གནས་སྟངས་སོགས་ཡར་རྒྱས་བཏང་ཡོད་པའི་སྐོར་ཐབས་ལམ་འདྲ་མིན་གྱི་ཐོག་ནས་འཛམ་གླིང་མི་མང་ལ་འགྲེལ་བརྗོད་བྱེད་བཞིན་ཡོད་ན་ཡང་། བོད་ནང་རྒྱ་ནག་གཞུང་གིས་འཛུགས་སྐྲུན་དང། འཕྲུལ་ཆའི་རིགས་མང་པོ་ཞིག་གསར་དུ་བཟོ་བསྐྲུན་བྱེད་བཞིན་པ་དེས། བོད་ཀྱི་ཞིང་འབྲོག་རྣམས་ཀྱི་སྲོལ་རྒྱུན་གྱི་ལམ་ལུགས་དང། རིག་གཞུང་སོགས་རྩ་བརླག་ཏུ་འགྲོ་བའི་ཉེན་ཚབས་ཆེ་རུ་སོང་ཡོད་པ་གསལ་པོ་ཡིན་པ་བརྗོད་ཡོད་ལ། ད་དུང་གནས་ཚུལ་མཁོ་སྤྲོད་པ་ཁོང་གིས། ད་སྐབས་ཆབ་མདོ་ཁུལ་དུ་བོད་མིའི་གནས་སྟངས་ལྟ་བུ་མཚོན་ན། ཞིང་འབྲོག་རྣམས་ཀྱི་བུ་རྒྱུད་དང་ལོ་ན་ཆུང་བ་ཚོ་གྲོང་ཁྱེར་དུ་ལས་ཀ་འཚོལ་བ་འགྲོ་ཡི་ཡོད་པ་དང། ལ་ལ་ནི་གྲོང་ཁྱེར་དུ་ཨར་ལས་བྱེད་བཞིན་ཡོད་པས། ནང་ལ་ཕ་མ་རྒན་རྒོན་མ་གཏོགས་མ་ལྷག་པར་བརྟེན་ཁོང་ཚོས་ཞིང་ལས་དང་ནོར་ལུགས་སོགས་འཚོ་རུ་འགྲོ་རྒྱུ་ཁག་པོ་ཆགས་ཡོད་པར་བརྟེན་། ས་ཞིང་དང་ནོར་ལུགས་རྣམས་གཞན་ལ་འཚོང་ཏེ་ཆབ་མདོ་ཁུལ་གྱི་ཞིང་འབྲོག་རྣམས་ཀྱི་འཚོ་གནས་ལ་འགྱུར་བ་ཆེན་པོ་ཕྱིན་ཏེ་དཀའ་ངལ་འཕྲད་བཞིན་ཡོད་པ་བརྗོད་ཡོད་པ་རེད།
ཡང་དེ་སྔོན་བོད་ཆབ་མདོ་ཁུལ་དུ་རྒྱ་ནག་གཞུང་གིས་འབྲོག་པའི་རྩ་ཐང་ལ་ལྕགས་རྭ་སྐོར་ཏེ་ས་ཆ་བགོ་བཤའ་རྒྱབ་པའི་རྐྱེན་གྱིས། ད་སྐབས་འབྲོག་པ་མང་པོ་ཞིག་གྲོང་ཁྱེར་དུ་གནས་སྤོ་བྱས་ཚར་ཡོད་པའི་སྐོར་ཡང་འགྲེལ་བརྗོད་གནང་ཡོད་པ་རེད།
ཡང་རྒྱ་ནག་གཞུང་གིས་བོད་ཀྱི་རྩ་ཐང་གི་རིགས་འགས་འཕྲོག་ལྷག་དུ་མི་འགྲོ་བའི་མིང་གི་འོག་ལྕང་མ་ལ་སོགས་པའི་རྒྱང་ཤིང་རིགས་མང་པོ་ཞིག་འདེབ་འཛུགས་བྱེད་བཞིན་པ་དེས། ཞིང་འབྲོག་མི་དམངས་ཀྱི་སྲོལ་རྒྱུན་གྱི་འཚོ་ཐབས་ཉམས་ཆགས་གཏོང་རྒྱུ་ཙམ་མ་ཟད། ཁོང་ཚོའི་འཕྲལ་ཕུགས་ཀྱི་ཐོན་སྐྱེས་ལ་ཡང་དོ་ཕོག་ཐེབས་སྲིད་པའི་ཉེན་ཁ་ཡོད་པ་རྡ་རམ་ས་ལར་ཡོད་པའི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བདེ་ཆེན་དཔལ་མོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་འདུག