རྒྱ་ནག་གཞུང་གིས་ཉག་ཆུ་རྫོང་གི་བཅའ་སྡོད་སློབ་གྲྭ་ཁག་གི་ནང་རྒྱ་སྐད་མ་གཏོགས་བོད་སྐད་བཤད་བཅུག་གི་མི་འདུག

འདས་པའི་ལོ་ཤས་ནས་བཟུང་རྒྱ་ནག་གཞུང་གིས་བོད་ནང་གི་སློབ་གྲྭ་ཁག་ཏུ། བོད་སྐད་ཡིག་གི་སློབ་ཁྲིད་རྩ་མེད་བཟོ་བ་དང་བོད་རིགས་སློབ་ཕྲུག་ཚོ་བཅའ་སྡོད་སློབ་གྲྭར་བཅུག་པ་སོགས་ཀྱི་གནས་ཚུལ་རིམ་པར་བྱུང་གི་ཡོད་པ་བཞིན། ད་ལྟའི་ཆར་རྒྱ་ནག་གཞུང་གིས་ཉག་ཆུ་རྫོང་གི་སློབ་གྲྭ་ཁག་གི་ནང་དང་འཛིན་གྲྭའི་ནང་། དགེ་རྒན་དང་སློབ་མ་ཕན་ཚུན་བར་སྐད་ཆ་བཤད་སྐབས་རྒྱ་སྐད་ལས་བོད་ཡིག་བཀོལ་སྤྱོད་མི་ཆོག་པའི་སྒྲིག་ལམ་བཟོ་བཞིན་ཡོད་པ་དང་། སློབ་གྲྭ་ཁག་གི་ནང་བོད་ཡིག་སློབ་ཁྲིད་ཇེ་ཉུང་ཇེ་ཞན་དུ་བཏང་སྟེ། རྣམ་པ་ཙམ་སྟོན་ཆེད་བོད་ཡིག་དགེ་རྒན་རེ་ཡོད་ན་ཡང་ལས་མེད་ལྟ་བུར་གྱུར་ཡོད་པ་སོགས། གནས་ཚུལ་འདི་དང་འབྲེལ་ཐག་ཉེ་བའི་བོད་ནང་གི་བོད་མི་གཉིས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་འབྲེལ་ཡོད་ཅིག་ནས་མུ་མཐུད་འབྲེལ་བརྗོད་གནང་དོན་ལ། སློབ་གྲྭ་ཁག་ཏུ་བོད་སྐད་བཤད་མི་ཆོག་རྐྱེན། ཕྲུ་གུ་ཚོ་ཕྱིར་ནང་དུ་ཡོང་སྐབས་ནང་མིར་འབྲེལ་འདྲིས་མི་བྱེད་པའི་གནས་སྟངས་ཡོང་གི་ཡོད་པ་དང་། དེ་སྔ་ཡིན་ན་དཔྱིད་ཀ་དང་དབྱར་ཁ་སོགས་སུ་དབྱར་རྩ་དགུན་འབུ་བརྐོ་སྐབས་དང་ཡུལ་མིའི་དུས་ཆེན་སོགས་ཀྱི་སྐབས་སུ་སློབ་གྲྭ་ཁག་གིས་སློབ་ཕྲུག་ཚོ་ནང་མི་མཉམ་དུ་གཏོང་སྲོལ་ཡོད་ན་ཡང་། དེང་སྐབས་སློབ་ཕྲུག་ཚོ་བཅའ་སྡོད་སློབ་གྲྭར་བཅུག་སྟེ་ནང་མི་དང་ཡུན་རིང་ཐུག་འཕྲད་བྱེད་མི་བཅུག་པ་དང་། སློབ་གྲྭའི་ནང་བོད་སྐད་བཤད་མི་ཆོག་པ་སོགས་ཀྱིས་ཕ་མ་དང་ཕྲུ་གུར་འབྲེལ་བ་མེད་པ་ལྟ་བུའི་གནས་སྟངས་ཡོང་གི་ཡོད་པ་མ་ཟད། ཉག་ཆུ་རྫོང་སོགས་སུ་བོད་རིགས་ན་གཞོན་བོད་སྐད་བཤད་མཁན་ཧ་ཅང་ཉུང་རུ་འགྲོ་བཞིན་ཡོད་པ་དང་། དེ་སྔ་ཉག་ཆུ་ཕྱོགས་ཀྱི་སློབ་མ་མང་པོ་ལྕགས་ཟམ་རྫོང་བོད་ཡིག་སློབ་འབྲིང་དུ་འགྲོ་བཞིན་ཡོད་ན་ཡང་། དེང་སྐབས་དཀར་མཛེས་ཁུལ་ཡོངས་སུ་བོད་ཡིག་མེད་པ་བཟོས་རྐྱེན། བོད་ཡིག་སློབ་གྲྭ་ཞིག་འཚོལ་རྒྱུ་དཀའ་ཁག་གི་གནས་སུ་ཡོད་པ་སོགས་འགྲེལ་བརྗོད་གནང་བྱུང་།
ཉག་ཆུ་རྫོང་གི་འོག་ཏུ་རྒྱ་ནག་གཞུང་གིས་གྲོང་རྡལ་ ༦ དང་གྲོང་ཚོ་ ༡༠ བཅད་བགོས་བྱས་ཡོད་པ་ལས། གྲོང་ཚོ་དང་གྲོང་རྡལ་ཚང་མའི་ནང་དུ་སློབ་ཆུང་རེ་རེ་ཡོད་ན་ཡང་། སློབ་གྲྭ་དེ་དག་ཚང་མ་བཅའ་སྡོད་སློབ་གྲྭ་ཡིན་པ་མ་ཟད་མང་ཆེ་བའི་ནང་བོད་ཡིག་སློབ་ཁྲིད་མེད་པ་དང་། དེ་བཞིན་ཉག་ཆུ་རྫོང་དུ་ཉག་ཆུ་རྫོང་སློབ་འབྲིང་དང་། ཉག་ཆུ་རྫོང་མགར་ར་གྲོང་རྡལ་དམའ་རིམ་སློབ་འབྲིང་དང་སློབ་ཆུང་སོགས་ཡོད་འདུག་ལ། ཡང་འབྲེལ་ཡོད་བོད་མི་གཞན་དེས་རྒྱ་ནག་གཞུང་གིས་ལོ་ཤས་སྔོན་ཆེད་དུ་ཉག་ཆུ་རྫོང་མགར་ར་གྲོང་རྡལ་དུ་བཅའ་སྡོད་སློབ་གྲྭ་ཞེས། སློབ་ཆུང་དང་དམའ་འབྲིང་སློབ་གྲྭ་ཞིག་ཆེད་འཛུགས་བྱས་ཡོད་ཀྱང་། སློབ་གྲྭ་དེ་དག་ཉག་ཆུ་རྫོང་ཁུལ་གྱི་སློབ་གྲྭ་ཚང་མའི་མཉམ་འདུས་སློབ་ཁུལ་ཡིན་སྐོར་བརྗོད་ནས། ཉག་ཆུ་རྫོང་གི་ས་གནས་གང་ས་ནས་སློབ་མ་བསྡུས་ཏེ། རྒྱ་ཡིག་རྒྱ་སྐད་ཀྱི་སློབ་གསོ་ཁོ་ན་སྤྲོད་སའི་བཅའ་སྡོད་ལམ་ལུགས་ཀྱི་སློབ་གྲྭ་བཟོས་ཡོད་སྐོར་འགྲེལ་བརྗོད་གནང་གི་འདུག
སྤྱིར་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༩ ཙམ་ནས་སློབ་གསོ་འདྲ་མཉམ་ཞེས་པའི་མིང་བྱང་འོག་ཏུ། བོད་ནང་གི་སློབ་གྲྭ་མང་ཆེ་བའི་ནང་སློབ་ཡིག་སློབ་ཁྲིད་མེད་པ་བཟོས་ཏེ་ཐབས་ལམ་གཉིས་པའི་སློབ་ཁྲིད་ཞེས་རྒྱ་ཡིག་གཙོ་ཁྲིད་ཀྱི་སློབ་ཁྲིད་ལག་བསྟར་བྱས་ཏེ། ཕྱི་ལོ་ ༢༠༢༡ ལོ་གཅིག་པུར་འདི་ག་རླུང་འཕྲིན་ཁང་ནས་ཤེས་རྟོགས་བྱུང་བ་བོད་ནང་གི་སྒེར་གཉེར་སློབ་གྲྭ་སྒོ་བརྒྱབ་པའི་ཁྲོད། རྫ་སེར་ཤུལ་རྫོང་ནས་ཕན་བདེ་གཅེས་སྐྱོང་སློབ་གྲྭ། ཕྱག་ཚྭ་ལྟེ་བའི་སྒེར་གཉེར་སློབ་ཆུང་། མགོ་ལོག་ཁུལ་དར་ལག་རྫོང་སེང་འབྲུག་སྟག་རྩེ་སློབ་གྲྭ་དང་། རྨ་ཆེན་རྫོང་ཁོངས་ཀྱི་སློབ་གྲྭ་གསུམ། དགའ་བདེ་རྫོང་ཁོངས་ཀྱི་སློབ་གྲྭ་གཅིག གཅིག་སྒྲིལ་རྫོང་ཁོངས་ཀྱི་སློབ་གྲྭ་གཉིས་དང་། གཞན་ཡང་བྲག་མགོ་དགོན་པའི་དགེ་ལྡན་ནང་བསྟན་སློབ་གྲྭ་སྒོ་བརྒྱབ་བཅུག་པ་མ་ཟད། ཕྱི་ལོ་ ༢༠༢༣ ལོར་དཀར་མཛེས་ཁུལ་ཡོངས་སུ་བོད་ཡིག་སློབ་ཁྲིད་མེད་པ་བཟོས་པ་དང་། ཕྱི་ལོ་ ༢༠༢༣ ལོར་མཚོ་སྔོན་ཕྱོགས་ནས་མཐོ་རྒྱུགས་ཡིག་ཚད་གཏོང་བར་བོད་རིགས་སློབ་མ་ཚོར་རྒྱ་ཡིག་བཀོལ་སྤྱོད་བྱེད་བཅུག་པ་སོགས་ཀྱི་གནས་སྟངས་བྱུང་གི་ཡོད་པ་རེད།
གསར་འགོད་པ། དཔལ་འབར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།