བོད་ནང་གི་བོད་ཡིག་ཆེད་སྦྱོང་མཐར་ཕྱིན་སློབ་མ་ཚོར་ལས་ཀའི་གོ་སྐབས་ཇེ་ཉུང་དང་ལས་བྱེད་དངོས་ཀྱི་ས་མིག་མི་ཐོབ་པའི་དཀའ་ངལ་ཆེ་རུ་འགྲོ་བཞིན་ཡོད་འདུག
སྤྱིར་རྒྱ་ནག་གཞུང་གིས་འདས་པའི་ལོ་ཤས་ནས་བཟུང་། རྒྱ་བསྒྱུར་སློབ་གསོ་ཁྱབ་སྤེལ་ཆེད་བོད་ནང་གི་གཞི་རིམ་སློབ་གསོའི་ཁྲོད་བོད་སྐད་དང་བོད་ཡིག་རྩ་མེད་ཀྱི་ལས་འགུལ་སྣ་ཚོགས་སྤེལ་བཞིན་པ་ལྟར། ད་ལྟའི་ཆར་ས་གནས་གང་དུ་ཡིན་ན་ཡང་བོད་ཡིག་དགོས་མཁོ་ཅན་གྱི་ལས་ཁུངས་ཇེ་ཉུང་དང་། སྲིད་གཞུང་གི་ལས་ཀའི་ས་མིག་ཁག་ཏུ་ལས་གཉེར་ཆེད་ཡིག་རྒྱུགས་གཏོང་བཅུག་ན་ཡང་། ལས་ཀའི་གོ་སྐབས་ཐོབ་རྒྱུ་དཀའ་ཁག་ཆེན་པོ་ཡིན་པ་དང་། ཕྱི་ལོ་ ༢༠༢༡ ལོ་ཙམ་ནས་བོད་རིགས་བོད་ཡིག་ཆེད་སྦྱོང་གིས་སློབ་ཆེན་མཐར་ཕྱིན་ལས་མེད་ཇེ་མང་ཡིན་པ། བོད་ནང་གི་འབྲེལ་ཡོད་བོད་མི་ཁག་ཅིག་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་འབྲེལ་ཡོད་ཅིག་ནས་མུ་མཐུད་བརྗོད་དོན་ལ། སྤྱིར་བོད་མི་ཚོར་ལས་ཀའི་གོ་སྐབས་ཐད་ནས་དཀའ་ཁག་ཡོད་པ་དེ་བོད་ཀྱི་ས་ཁུལ་གང་སར་གཅིག་གྱུར་ལྟ་བུ་ཡིན་པ་དང་། ང་རང་འདས་པའི་ལོ་མང་དག་ཅིག་རིང་ས་གནས་གང་སར་འགྲོ་སྐྱོད་བྱས་པའི་ཁྲོད། མཐོང་ཚོར་གཙོ་བོ་ཞིག་ནི་དེང་སྐབས་སློབ་མཚམས་བཞག་ནས་རྒྱ་ནག་ཏུ་བོད་རིགས་གཞོན་སྐྱེས་ཞོར་ལས་པ་ཧ་ཅང་མང་དུ་འགྲོ་བཞིན་ཡོད་པ་དང་། ང་རང་གི་མཐོ་སློབ་མཐར་ཕྱིན་སློབ་གྲོགས་མང་པོ་ཞིག་བོད་ནང་གི་མཛོད་དགེ་དང་རྔ་བ། མཚོ་སྔོན། ཡུལ་ཤུལ་དང་ཆབ་མདོ་སོགས་ནས་ཡོད་ན་ཡང་། ཁ་ཤས་ཀྱིས་གཞུང་གི་ལས་རིགས་ཐོབ་རྒྱུར་འབད་བརྩོན་བྱས་མེད་པ་མ་གཏོགས། མང་ཆེ་བ་ཞིག་གིས་འདས་པའི་ལོ་ངོ་གསུམ་ལྷག་རིང་སྲིད་གཞུང་གི་ལས་ཀ་ཐོབ་རྒྱུར་འབད་བརྩོན་དང་། སློབ་གྲྭ་ཁག་ཏུ་ལས་བྱེད་དངོས་མ་ཡིན་པའི་ལས་ཀ་བྱས་ཏེ་འབད་བརྩོན་བྱས་ཀྱང་། ད་དུང་ལས་ཀ་སྤྲོད་ཀྱི་མེད་པ་མ་ཟད། དགེ་རྒན་དང་ལས་བྱེད་དངོས་ཀྱི་ལས་གནས་རྩ་ནས་ཐོབ་ཀྱི་མེད་སྐོར་འགྲེལ་བརྗོད་གནང་གི་འདུག

གནས་ཚུལ་འདིའི་ཐད་སྤྱི་ཚོགས་རིག་པའི་འབུམ་རམས་པ་ལྡོང་ཕྱིང་གུར་བ་རྒྱལ་ལོ་ལགས་ཀྱིས། བོད་ནང་དུ་འབྱུང་བཞིན་པའི་གནས་ཚུལ་འདིའི་རིགས་ནི་གློ་བུར་དུ་བྱུང་བ་ཞིག་མིན་པར། རྒྱ་ནག་གཞུང་གིས་ལོ་མང་རིང་ནས་རྟོག་དཔྱོད་དང་འཆར་གཞི་ལྡན་པའི་སྒོ་ནས་བསྒྲུབས་པའི་མཇུག་འབྲས་དེ་ད་ལྟ་སྨིན་ཡོང་གིན་ཡོད་པ་ཞིག་ཡིན་པ་རེད། སྤྱིར་རྒྱ་ནག་ནང་གི་སློབ་ཆེན་མཐར་ཕྱིན་པ་ཚོར་ལས་ཀ་རག་གི་མེད་པའི་དཀའ་ངལ་ཡོད་པ་དང་། དེའི་ཐོག་བོད་ནང་གི་བོད་པའི་གཞོན་སྐྱེས་སློབ་ཆེན་མཐར་ཕྱིན་པ་ཚོ་ལ་ལས་ཀ་རག་གི་མེད་པའི་དཀའ་ངལ་འཕར་མ་འཕྲད་བཞིན་པ་རེད། དེ་ནི་བོད་ནང་གི་བོད་པའི་གཞོན་སྐྱེས་སློབ་ཆེན་པ་ཚོས་རྒྱ་ཡིག་གི་སྒང་ནས་རྒྱ་མི་བཞིན་སྦྱངས་མ་ཐུབ་པ་དང་། བོད་ཡིག་རྒྱ་ནག་གཞུང་གིས་བོད་ནང་དུ་བེད་སྤྱོད་མེད་པ་བཟོས་བའི་གནས་སྟངས་འོག་བོད་ནང་གི་གཞོན་སྐྱེས་ཚོར་དཀའ་ངལ་འཕར་མ་འཕྲད་བཞིན་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཡང་འབྲེལ་ཡོད་གཞན་ཞིག་ནས་རྒྱ་ནག་གིས་བཅད་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་ནང་དུ། བོད་ཡིག་ཆེད་སྦྱོང་སློབ་མཐར་ཕྱིན་མཁན་མང་དག་ཅིག་མངའ་རིས་དང་ནག་ཆུ་སོགས་ས་བབས་མཐོ་ས་ཁག་ཏུ། ལས་བྱེད་དངོས་མིན་པར་གཡར་མའི་ངོ་བོའི་ཐོག་ནས་ལས་ཀ་གང་མཚམས་སྤྲོད་པ་དང་། བུ་མོ་ཡིན་ན་བྱིས་གཉོར་ཁང་ཁག་ཏུ་ལས་ཀ་སྤྲོད་བཞིན་པ་རེ་ཡོད་པ་ལས། གྲོང་ཁྱེར་ཁག་ཏུ་གཞུང་གི་ལས་ཁུངས་མཐོ་གྲས་ཁག་ནང་ལས་ཀའི་གོ་སྐབས་ཧ་ཅང་ཉུང་ཉུང་ཡིན་པ་དང་། ཡང་སྒེར་ངོས་ནས་བོད་ཡིག་དང་འབྲེལ་བའི་ལས་ཀ་ཞིག་གཉེར་བར་གཞུང་གི་ཆོག་མཆན་དང་། ཡིག་ཆ་བཟོ་དགོས་པ་སོགས་ཀྱི་ཆ་རྐྱེན་དང་སྟངས་འཛིན་གྱི་དཀའ་ཁག་ཆེན་པོ་ཡོད་པས། སློབ་ཆེན་མཐར་ཕྱིན་ཡང་བཟོ་གྲྭ་ཁག་ཏུ་ཕྲལ་སེལ་ལས་ཀ་བྱེད་མཁན་ཤུགས་ཆེན་པོ་ཡིན་པ་སོགས་འགྲེལ་བརྗོད་གནང་བྱུང་།
འབྲེལ་ཡོད་བོད་མི་གཞན་ཞིག་ནས། དེང་སྐབས་བོད་རིགས་སློབ་ཆེན་མཐར་ཕྱིན་མཁན་ཚོར་གཞུང་གི་ལས་ཀ་གཙོ་བོ་ཞིག་ནི། རྔ་བ་དང་བླ་བྲང་གཙོས་རྫོང་དང་ས་གནས་མང་དག་ཅིག་ཏུ། སློབ་ཆེན་མཐར་ཕྱིན་མཁན་ལས་མེད་ཚོར་ལས་ཀའི་གོ་སྐབས་སྤྲོད་དགོས་སྐོར་བརྗོད་ནས། རྫོང་དང་ས་གནས་ཁག་གི་ཉེན་རྟོག་སྡེ་ཚན་ཁག་ཏུ་གཡར་མ་ལྟ་བུ་བྱས་ཏེ་ལས་ཀ་སྤྲོད་བཞིན་པ་ལྟ་བུ་ཡོད་ན་ཡང་། ལས་ཀ་དེ་དང་འབྲེལ་ཁོ་ཚོར་ས་གནས་བོད་མི་ཚོ་དང་འབྲེལ་བའི་ལས་ཀ་དཀའ་ཁག་ཆེན་པོའི་རིགས་དང་དམ་དྲག་རིགས་བྱེད་བཅུག་སྟེ། བེད་སྤྱོད་ཀྱི་དགོས་མཁོ་རང་གི་ཆེད་ལས་ཀ་སྤྲོད་བཞིན་པ་མངོན་གསལ་ཡིན་སྐོར་སོགས་འགྲེལ་བརྗོད་གནང་བྱུང་།
སྤྱིར་རྒྱ་ནག་གཞུང་ངོས་ནས་ལོ་རེ་བཞིན་བོད་ནང་དུ་གཞུང་ཞབས་ཡིག་རྒྱུགས་གཏོང་མཁན་སྟོང་ཕྲག་མང་པོ་བྱུང་ཚུལ་དང་། ལྷག་པར་ཕྱི་ལོ་ ༢༠༡༨ ལོར་བོད་ཀྱི་རྒྱལ་ས་ལྷ་སར་གཞུང་ཞབས་ཡིག་རྒྱུགས་གཏོང་མཁན་མི་གྲངས་ཁྲི་ཚོ ༤ ཟིན་ཏེ་ལོ་རྒྱུས་ཀྱི་ཟིན་ཐོ་ཡིན་པ་སོགས་བརྗོད་བཞིན་ཡོད་ན་ཡང་། སྲིད་གཞུང་གི་ལས་ཀ་ཆེ་རིགས་ཁག་རྒྱ་རིགས་དང་། དེ་མིན་རྒྱ་ནག་གཞུང་གིས་ཆེད་གཏོང་བྱེད་བཞིན་པའི་བོད་སྐྱོར་ལས་བྱེད་ཟེར་བ་སོགས་ལ་མཁོ་སྤྲོད་བྱས་པ་ལས། བོད་རིགས་ཚོར་གཞུང་ཞབས་ཀྱི་ལས་ཀའི་གོ་སྐབས་ཐོབ་རྒྱུ་དཀའ་ཁག་ཡོང་བཞིན་པ་མ་ཟད། ལྷག་པར་དུ་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བ་ནས་བསླབ་མཐར་སོན་པ་པའི་མཐོ་རིམ་སློབ་མ་རྣམས། ས་གནས་སྒྲིག་འཛུགས་ཁག་གི་ནང་དུ་ལས་ཀའི་གོ་སྐབས་ནང་མཉམ་ཞུགས་བྱེད་པར། ༸གོང་ས་མཆོག་ལ་མཚན་སྨད་ཞུ་དགོས་པ་མ་ཟད་རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་ཀྱི་རྩ་འཛིན་དང་འབྲེལ་བའི་ལྟ་སྤྱོད་གསལ་པོ་དགོས་པའི་ཆ་རྐྱེན་འདོན་བཞིན་ཡོད་པ་རེད།
གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ། ཀེ་ཐོ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།