བོད་ནང་གི་སློབ་གྲྭ་ཁག་སློབ་མགོ་ཚུགས་ཀྱི་ཡོད་ཀྱང་བོད་ཡིག་སློབ་ཁྲིད་སྔར་ལས་ཇེ་ཉུང་དུ་གཏོང་གི་ཡོད་འདུག

2024.02.28
བོད་ནང་གི་སློབ་གྲྭ་ཁག་སློབ་མགོ་ཚུགས་ཀྱི་ཡོད་ཀྱང་བོད་ཡིག་སློབ་ཁྲིད་སྔར་ལས་ཇེ་ཉུང་དུ་གཏོང་གི་ཡོད་འདུག རྨ་ཆུ་རྫོང་གི་སློབ་གྲྭ་ཞིག་ཏུ་བོད་རིགས་སློབ་མ་ཚོ་སློབ་མགོ་ཚུགས་བཞིན་པའི་པར་རིས། ཕྱི་ལོ་ ༢༠༢༤ ལོའི་ཟླ་བ ༢
China State Media

ཕྱི་ལོ་༢༠༢༤ལོའི་ཕྱི་ཟླ་༢པའི་ཟླ་མཇུག་ཏུ་རྒྱ་ནག་རྒྱལ་ཡོངས་ནང་། སློབ་གྲྭ་ཁག་གི་དགུན་ཁའི་གུང་གསེང་མཇུག་རྫོགས་ནས་སློབ་མགོ་ཚུགས་ཀྱི་ཡོད་པ་བཞིན། བོད་ནང་གི་ས་ཁུལ་གང་སར་སློབ་མགོ་ཚུགས་ཀྱི་ཡོད་པ་དང་། ལྷ་སའི་སློབ་གྲྭ་ཆུང་འབྲིང་ཁག་ཏུ་བོད་ཡིག་གི་སློབ་ཁྲིད་ལོ་རེ་བཞིན་ཇེ་ཉུང་དུ་བཏང་སྟེ། དེ་སྔ་ལྷ་ས་གྲོང་ཁྱེར་དམའ་རིམ་སློབ་འབྲིང་གཉིས་པའི་ནང་བོད་སྐད་ཡིག་གི་སློབ་ཚན་གཅིག་པུ་ཡོད་ན་ཡང་། དེང་སྐབས་བོད་ཡིག་སློབ་ཁྲིད་མིང་ཙམ་ལས་སློབ་ཁྲིད་བྱེད་མཁན་མེད་སྐོར་བརྗོད་བྱུང་ལ། ཡང་མཛོད་དགེ་ཕྱོགས་ནས་འདི་ལོ་ནས་བཟུང་སློབ་ཆུང་ཁག་གི་རྩིས་རིག་བོད་ཡིག་ནས་རྒྱ་ཡིག་ལ་བསྒྱུར་ཡོད་པ་དང་། ལོ་གཉིས་ཀྱི་རྗེས་ནས་སློབ་ཆུང་སློབ་གྲྭ་ཚང་མའི་ནང་བོད་ཡིག་ཁྱོན་ནས་མེད་པ་བཟོ་རྒྱུ་ཡིན་སྐོར། བོད་ནང་གི་འབྲེལ་ཡོད་བོད་མི་ཁག་ཅིག་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

གོང་ཞུས་བོད་ནང་གི་འབྲེལ་ཡོད་བོད་མི་ཅིག་ནས་མུ་མཐུད་བརྗོད་དོན་ལ། དེང་སྐབས་ལྷ་ས་ནས་སློབ་གྲྭ་ཆུང་འབྲིང་ཁག་གི་བོད་རིགས་སློབ་ཕྲུག་ཚོའི་ཁྲོད་དུ་བོད་སྐད་མི་ཤོད་པའི་ཕྲུ་གུ་ཤུགས་ཆེར་བྱུང་གི་ཡོད་པ་དང་། གུང་གསེང་དེ་རིགས་ཕྲུ་གུ་ཚོར་བོད་སྐད་དང་བོད་ཀྱི་འཚོ་བར་འབྲེལ་འདྲིས་ཡོང་ཐབས་ཀྱི་གོ་སྐབས་གལ་ཆེན་ཞིག་ཆགས་ཡོད་པ་རེད་ལ། སློབ་གྲྭ་ཁག་ལ་བོད་རིགས་ཕ་མ་དང་ནང་མི་སོགས་ནས་བོད་ཡིག་སློབ་ཁྲིད་དགོས་སྐོར་བརྗོད་པ་ཡིན་ན། རྒྱ་ནག་གཞུང་འབྲེལ་མི་སྣས་སློབ་ཕྲུག་ཚོའི་ལག་ཏུ་བོད་ཡིག་གི་སློབ་དེབ་བཞག་ནས་པར་དང་བརྙན་སོགས་བླངས་ཏེ་སྤྱི་ཚོགས་དྲ་ལམ་ཁག་ཏུ་སྤེལ་ནས། བོད་ཡིག་སློབ་ཁྲིད་བྱེད་ཀྱི་ཡོད་སྐོར་བརྗོད་པ་ལས་བོད་ཡིག་སློབ་ཁྲིད་དེ་མིང་ཙམ་ལས་མེད་སྐོར་འགྲེལ་བརྗོད་གནང་གི་འདུག  

ད་ལྟའི་ཆར་རྒྱ་ནག་གཞུང་ངོས་ནས་སློབ་མགོ་ཚུགས་པའི་དུས་ཚེས་གཏན་འཁེལ་བྱས་ཡོད་པ་བཞིན། ལྷ་ས་དང་རྔ་བ་རྫོང་། བསང་ཆུ་རྫོང་། དཀར་མཛེས་ལྕགས་ཟམ་ཁ་རྫོང་། མཛོད་དགེ་རྫོང་། ཀླུ་ཆུ་དང་རྨ་ཆུ་རྫོང་། མངའ་རིས་རུ་ཐོག་རྫོང་། དར་རྩེ་མདོ། ནག་ཆུ་འབྲི་རུ་རྫོང་སོགས་ཀྱི་གཞུང་འབྲེལ་ངོས་ནས་སློབ་མགོ་ཚུགས་པའི་བརྡ་ཁྱབ་བཏང་ཡོད་པ་ལས། བརྡ་ཁྱབ་ཁག་ནང་མང་ཆེ་ཤོས་ཀྱིས་སློབ་ཕྲུག་བདེ་འཇགས་ཀྱིས་སློབ་གྲྭར་སྐྱེལ་དགོས་སྐོར་སོགས་བཀོད་ཡོད་ན་ཡང་། རུ་ཐོག་རྫོང་ལོ་དགུའི་གཏན་འཇགས་སློབ་གསོའི་ལམ་ལུགས་སློབ་གྲྭ་ཟེར་བས། སློབ་མ་ཚོ་སློབ་གྲྭར་ཡོང་སྐབས་ཆོས་ལུགས་ཀྱི་མཚོན་དོན་ཡོད་པའི་ཅ་དངོས་དང་། ཆོས་ལུགས་ཀྱི་རྒྱན་ཆ་སོགས་རྩ་ནས་འཁྱེར་མི་ཆོག་པ་བརྗོད་ཡོད་པ་དང་། ཡང་དར་རྩེ་མདོ་སློབ་འབྲིང་གིས་ཕ་མ་ཚོས་སློབ་མ་སློབ་གྲྭར་སྐྱེལ་ནས་ཡོང་སྐབས་ཕ་མ་སློབ་གྲྭའི་ནང་དུ་འཛུལ་མི་ཆོག་པ་སོགས་བསྒྲགས་འདུག

སློབ་མགོ་ཚུགས་སྐབས་ནི་རྒྱ་ནག་གཞུང་ལ་མཚོན་ན་དུས་རྒྱུན་བོད་ནང་གི་སློབ་གྲྭ་ཁག་ཏུ་སློབ་ཚན་རིགས་སྒྱུར་བཅོས་ཀྱི་དུས་ཚོད་ལྟ་བུ་ཆགས་ཀྱི་ཡོད་པ་རེད་ལ། ཕྱི་ལོ་ ༢༠༢༣ ལོའི་སྟོན་དུས་སློབ་མགོ་ཚུགས་སྐབས་དང་འབྲེལ་རྒྱ་ནག་གཞུང་གིས་དཀར་མཛེས་ཕྱོགས་ཀྱི་སློབ་འབྲིང་ཁག་ཏུ་བོད་ཡིག་སློབ་ཚན་གཏན་ནས་མེད་པ་བཟོས་པ་དང་། དེ་བཞིན་རྔ་བ་ཕྱོགས་ནས་བོད་ཡིག་ལམ་ནས་སློབ་ཁྲིད་བྱེད་ཐབས་ཇེ་ཉུང་དུ་གཏོང་བ་སོགས་བྱས་ཡོད་པ་རེད་ལ། གཞན་ཡང་ཕྱི་ལོ་ ༢༠༢༢ ལོའི་དགུན་དུས་སློབ་མགོ་ཚུགས་སྐབས་དང་བསྟུན། རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་གྱི་རྫོང་ཁག་གི་གཞུང་གཉེར་སློབ་གྲྭ་ཚང་མའི་ནང་། བོད་ཡིག་གི་སློབ་ཚན་གཅིག་པུ་ལས་གཞན་པའི་རྩིས་དངོས་རྫས་གསུམ་དང་མཛེས་རྩལ།ཨང་རྩིས་སོགས་སློབ་ཚན་ཚང་མ་རྒྱ་ཡིག་ནང་བསྒྱུར་ཡོད་པ་རེད། 

གསར་འགོད་པ། དཔལ་འབར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།     
རྩོམ་སྒྲིག་པ།  ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎