༢༠༢༣ ལོར་ཀོ་རི་ཡ་གཙུག་ལག་སློབ་ཆེན་ནང་བོད་ཀྱི་སྐད་ཡིག་སློབ་འཁྲིད་གནང་རྒྱུ་ཡིན་འདུག
ལྷོ་ཀོ་རི་ཡའི་རྒྱལ་ས་Seoulནང་རྟེན་གཞི་བྱས་པའི་ཀོ་རི་ཡ་གཙུག་ལག་སློབ་ཆེན་Korea Universityགྱིས། སྤྱི་ལོ་༢༠༢༣ ལོའི་དཔྱིད་ཀར་སློབ་དུས་གསར་པ་མགོ་འཛུགས་གནང་བའི་སྐབས་དང་བསྟུན། སློབ་ཆེན་དེ་ཉིད་ཀྱི་ལོ་རྒྱུས་སྡེ་ཚན་ཁྱབ་ཁུངས་སུ་བོད་ཀྱི་སྐད་ཡིག་སློབ་འཁྲིད་གནང་རྒྱུ་ཡིན་འདུག་མ་ཟད། དེ་ཡང་བོད་ཀྱི་སྐད་ཡིག་གི་རྨང་གཞི་དབྱངས་དང་གསལ་བྱེད་ཀྱི་ཡི་གེ་ནས་སློབ་འཁྲིད་གནང་རྒྱུ་ཡིན་འདུག
འབུམ་རམས་པ་Hanung Kimལགས་ནི་ཀ་རི་ཡ་གཙུག་ལག་སློབ་ཆེན་གྱི་ལོ་རྒྱུས་སྡེ་ཚན་གྱི་སློབ་དཔོན་ཡིན་པ་དང་། སློབ་ཆེན་དེ་ཉིད་ནང་བོད་ཀྱི་སྐད་ཡིག་སློབ་འཁྲིད་གནང་རྒྱུའི་ལས་གཞི་དེ་ཁོང་གིས་དྭང་དུ་བླངས་ཏེ་ངོ་སྤྲོད་དང་མགོ་འཛུགས་གནང་བ་ཞིག་ཡིན་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཁོང་གིས་ཀོ་རི་ཡ་ནས་དྲ་ལམ་བརྒྱུད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་མུ་མཐུད་འགྲེལ་བརྗོད་གནང་བའི་ནང་། ཀོ་རི་ཡ་གཙུག་ལག་སློབ་ཆེན་ནང་བོད་ཀྱི་སྐད་ཡིག་སློབ་འཁྲིད་ཀྱི་ལས་གཞི་ལག་བསྟར་ཡོང་བར་སེམས་ཤུགས་སྦྱིན་མཁན་གཙོ་བོ་དེ་སློབ་ཆེན་དེ་ཉིད་ཀྱི་ལོ་རྒྱུས་སྡེ་ཚན་གྱི་སློབ་མ་རྣམས་ཡིན། ངས་སློབ་མ་ཚོར་བོད་ཀྱི་ལོ་རྒྱུས་དང་། རིག་གཞུང་སློབ་འཁྲིད་བྱེད་པའི་སྐབས། སློབ་མ་ཚོས་དོ་སྣང་ཧ་ཅང་ཡག་པོ་གནང་གི་ཡོད་པ་མྱོང་ཚོར་བྱུང་ལ། བོད་ཀྱི་སྐོར་སྔར་ལྷག་ཤེས་འདོད་ཡོད་མཁན་སློབ་མ་མང་པོ་ཞིག་འདུག་པས། དེ་ལྟར་ཡོང་བར། བོད་ཀྱི་སྐད་ཡིག་སློབ་གཞི་སློབ་འཁྲིད་དགོས་པ་སློབ་མ་ཚོས་རེ་འདུན་བཏོན་གནང་སོང་བས། ངས་སློབ་མ་ཚོའི་རེ་འདུན་གཞིར་བཟུང་འབྲེལ་ཡོད་འཛིན་སྐྱོང་ཚན་པའི་ལྷན་དུ་གོ་བསྡུར་ཞུས་པའི་རྗེས་འབྲས་སུ། སྤྱི་ལོ་༢༠༢༣ ལོའི་དཔྱིད་ཀར་སློབ་དུས་གསར་པ་མགོ་འཛུགས་གནང་བའི་སྐབས་དང་བསྟུན། བོད་ཀྱི་སྐད་ཡིག་བསླབ་སློབ་འཁྲིད་ལག་བསྟར་གནང་གི་རེད་ཅེས་འགྲེལ་བརྗོད་གནང་བྱུང་།
སློབ་དཔོན་Hanung Kimལགས་ཀྱིས་དེ་སྔོན་ཨ་རིའི་ནེའུ་ཡོག་ཏུ་ཆགས་པའི་Columbiaགཙུག་ལག་སློབ་ཆེན་དུ་གཙུག་ལག་རབ་བྱམས་པའི་སློབ་གཉེར་གནང་བཞིན་པའི་སྐབས། བོད་ཀྱི་སྐད་ཡིག་ལ་ཐོག་མ་སློབ་སྦྱོང་གནང་སྟེ། དེ་ནས་རིམ་པས་ཨ་རིའི་ཧར་ཝ་ཌི་Harvard Universityགཙུག་ལག་སློབ་ཆེན་དུ་འབུམ་རམས་པའི་སློབ་གཉེར་གནང་བའི་སྐབས། དམིགས་བསལ་བོད་ཀྱི་ལོ་རྒྱུས་དང་སྐད་ཡིག རིག་གཞུང་སོགས་ལ་དོ་སྣང་དང་སློབ་སྦྱོང་གནང་ཡོད་འདུག
ཁོང་གིས་འབྱུང་འགྱུར་སློབ་ཆེན་དེའི་ནང་བོད་ཀྱི་སྐད་ཡིག་སློབ་འཁྲིད་ཀྱི་སློབ་དུས་དང་པོ་དེ་མཇུག་སྒྲིལ་པའི་སྐབས་སློབ་མ་ཚོས་བོད་ཡིག་ལྟ་ཀློག་ཐུབ་པ་དང་བོད་ཡིག་གི་ཚིག་གྲུབ་བཟོས་ཐུབ་པའི་རེ་བ་དང་ཡིད་ཆེས་བྱེད་ཀྱི་ཡོད་ལ་། དེ་ནི་ངའི་དམིགས་ཡུལ་ཡང་ཡིན་ཞེས་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་ཀོ་རི་ཡ་གཙུག་ལག་སློབ་ཆེན་ནི་ཐོག་མར་སྤྱི་ལོ་༡༩༠༥ལོར་ཀོ་རི་ཡའི་དམག་གི་བློན་ཆེན་སྐུ་ཞབས་Yi Yong-ikལགས་ཀྱིས་བྷོ་སོངྣ་མཐོ་སློབ་(Bosung college)ཞེས་པ་ཞིག་གསར་འཛུགས་གནང་སྟེ། རྗེས་སུ་དེའི་མིང་བསྒྱུར་བྱས་ཏེ་ཀོ་རི་ཡ་གཙུག་ལག་སློབ་ཆེན་ཞེས་མིང་གཏགས་འདུག་ཅིང་། ད་ལྟའི་ཆར་སློབ་ཆེན་དེའི་འཛིན་སྐྱོང་འོག་སློབ་མ་༣༧༠༠༠ལྷག་ཡོད་འདུག་པ་མ་ཟད། ད་བར་སློབ་མ་༣༥༠༠༠༠ ཐོན་ཟིན་ཡོད་འདུག
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།