ཨ་ཀྱཱ་རིན་པོ་ཆེ་མཆོག་གིས་སྐུ་ཉིད་ཀྱི་སྐུ་ཚེའི་ལོ་རྒྱུས་སྐོར་གསུང་བཤད་གནང་རྒྱུ།
2018.01.15
༄༅། །ཟླ་བ་འདིའི་ཚེས་༡༨ཉིན་མདོ་སྨད་སྐུ་འབུམ་དགོན་པའི་དགོན་བདག་ཟུར་བ་སྐྱབས་རྗེ་ཨ་ཀྱཱ་རིན་པོ་ཆེས་ཨ་རིའི་Kentuckyམངའ་སྡེའི་Burlington ས་གནས་ཀྱི་དཔེ་མཛོད་ཁང་ཞིག་ཏུ་ཁོང་གིས་རྒྱ་ནག་གཞུང་གིས་བོད་ལ་དབང་བསྒྱུར་བྱས་པའི་ལོ་རྒྱུས་ཁྲོད་ཇི་ལྟར་འཚོ་གཞེས་གནང་བའི་སྐོར་ཁོང་སྐུ་ངོ་མས་སྐུ་ཉིད་ཀྱི་མྱོང་འཚོར་གསུང་བཤད་གནང་རྒྱུ་ཡིན་པ་རེད།
སྐྱབས་རྗེ་ཨ་ཀྱཱ་རིན་པོ་ཆེ་བློ་བཟང་ཐུབ་བསྟན་མཆོག་དགུང་ལོ་གཉིས་ཀྱིས་དུས་སུ་ཨ་ཀྱཱ་སྐུ་ཕྲེང་བཅུ་གསུམ་པའི་ཡང་སྲིད་དུ་ངོས་འཛིན་གྱིས་རྗེ་སྐུ་འབུམ་དགོན་པའི་ཆོས་སྒོར་ཞུགས་པ་དང་། སྤྱི་ལོ་༡༩༥༠ལོར་ཁོང་ད་དུང་བྱིས་པ་ཆུང་ཆུང་ཞིག་ཡིན་སྐབས་རྒྱ་ནག་དམར་པོའི་གཞུང་གིས་བོད་ལ་བཙན་འཛུལ་བྱས་བར་བརྟེན། དགོན་སྡེ་ཁག་སྟངས་འཛིན་བྱས་ཏེ་རིན་པོ་ཆེ་བཙན་ཤེད་ཀྱིས་དགོན་པ་ནས་རྒྱ་ནག་གི་སློབ་འབྲིང་དུ་རྒྱ་མིའི་སློབ་སྦྱོང་སྤྲོད་སྐབས། རིན་པོ་ཆེས་ལྐོག་ནས་མུ་མཐུད་དུ་ནང་ཆོས་སློབ་གཉེར་བྱས་བར་བརྟེན། སྤྱི་ལོ་༡༩༦༦ལོར་ངལ་རྩོལ་བསྒྱུར་བཀོད་ར་བར་བཏང་ནས་མི་ལོ་བཅུ་བཞིའི་རིང་ངལ་རྩོལ་བསྒྱུར་བཀོད་གནང་དུ་བཅུག་ཡོད་པ་རེད།
རྒྱ་ནག་གི་མགོ་ཁྲིད་མའོ་ཙེ་ཏུང་འདས་གྲོངས་རྗེས་སུ། རྒྱ་ནག་གི་རིག་གནས་གསར་བརྗེ་ཆེན་མོ་མཇུག་སྒྲིལ་ཏེ་སྐྱབས་རྗེ་ཨ་ཀྱཱ་རིན་པོ་ཆེ་ཡང་བསྐྱར་སྐུ་དགོན་པའི་ཆོས་སྒོར་ཞུགས་པ་དང་། དེ་ནས་རིམ་བཞིན་སྐུ་འབུམ་དགོན་པའི་དགོན་བདག་ཏུ་བཞུགས་ཏེ་དགོན་པ་སླར་གསོ་དང་། སྐུ་འབུམ་དགོན་པར་བོད་ལུགས་སྨན་ཁང་གསར་འཛུགས། དེ་བཞིན་ས་གནས་སུ་རྒྱ་གྲམ་དམར་པོའི་ཡན་ལག་ཁང་དང་། ས་གནས་སྡེ་བར་སྨན་ཁང་དང་སློབ་གྲྭ་གསར་འཛུགས་སོགས་སྤྱི་ཚོགས་དགེ་རྩའི་ལས་དོན་རྣམ་གྲངས་མང་པོ་སྤེལ་ཡོད་པ་རེད། སྤྱི་ལོ་༡༩༩༨ལོར་རྒྱ་ནག་གཞུང་གིས་ཁོང་རྒྱ་ནག་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོར་བསྐོ་གཞག་གནང་རྒྱུའི་ནང་མོལ་བྱུང་ཡོད་པ་དང་། དེ་བཞིན་རྒྱ་ནག་གིས་བསྐོ་བཞག་གནང་བའི་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བའི་ཡང་སྲིད་ངོས་འཛིན་བྱེད་ཐབས་མེད་པ་སོགས་ལ་བརྟེན་ནས་ཨ་རིའི་ནང་བཙན་བྱོལ་དུ་ཕེབས་པ་དང་། དེང་སྐབས་ཨ་རིའི་Indiana ་མངའ་སྡེའི་Blomington ས་གནས་སུ་༧གོང་ས་མཆོག་གིས་བསྐོ་བཞག་གནང་བའི་བོད་སོག་རིག་གཞུང་བསྟི་གནས་ཁང་གི་འགན་འཛིན་གྱི་ཕྱག་ལས་གནང་སྟེ་ཕྱི་ལོག་གི་བོད་དང་སོག་པོའི་རིག་གཞུང་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་མཛད་འགན་བཞེས་བཞིན་པ་རེད།།
གསར་འགོད་པ་ལྕགས་མོ་འཚོ།