ཨ་རིའི་སྙན་ཐོ་དེས་བོད་ནང་གི་ཛ་དྲག་གནས་སྟངས་བདེན་པ་ར་སྤྲོད་བྱུང་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས།
ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ནས་འཛམ་གླིང་གི་རྒྱལ་ཁབ་ཁག་བརྒྱ་དང་དགུ་ཅུ་ལྷག་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ལོ་འཁོར་སྙན་ཐོ་དེ་སྤྱི་ཟླ་༤པའི་ཚེས་༡༢ཉིན་བཏོན་པའི་ནང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ལ་རྒྱ་ནག་གཞུང་གིས་བོད་ནང་བོད་མི་གང་བྱུང་འཛིན་བཟུང་དང་དམར་གསོད་གཏོང་བ། མི་སྤྱོད་ལས་འདས་པའི་བཙོན་འཇུག་མནར་གཅོད་དང་། འགྲོ་བསྐྱོད་རང་དབང་ལ་བཀག་སྡོམ། དྲ་རྒྱ་ལ་དམ་དྲག་དང་ཞི་བའི་འདུ་འཛོམས་ཐད་བཀག་སྡོམ། ཆོས་དད་རང་དབང་ལ་དམ་དྲག་རྡོག་རོལ་དང་བོད་མིའི་རིག་གཞུང་གོམས་གཤིས་རྒྱ་རིགས་ཅན་དུ་བསྒྱུར་ཐབས་བྱེད་པ་སོགས། ཉེ་བའི་ལོ་ཤས་ནང་རྒྱ་ནག་གཞུང་གིས་བོད་ནང་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སོགས་རྡོག་རོལ་ཚབས་ཆེན་གཏོང་བཞིན་པ། ཧ་ཅང་ཞིབ་ཚགས་ཀྱི་ལམ་ནས་བཀོད་ཡོད་པ་མ་ཟད། སྙན་ཐོ་འགྲེམས་སྤེལ་གྱི་གསར་འགོད་གསལ་བསྒྲགས་སྐབས་ཕྱི་སྲིད་དྲུང་ཆེ་(Antony Blinken)་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་དང་ཤིན་ཅིང་སོགས་གྲངས་ཉུང་མི་རིགས་ཚོའི་ཐོག་འཆར་གཞི་དང་གོ་རིམ་ལྡན་པའི་སྒོ་ནས་དྲག་གནོན་བྱེད་བཞིན་ཡོད་པའི་སྐྱོན་བརྗོད་དང་། རྒྱ་ནག་གཞུང་གིས་བོད་ནང་འཆར་གཞི་དང་གོ་རིམ་ལྡན་པའི་ཐོག་ནས་དྲག་གནོན་བྱེད་བཞིན་ཡོད་པ་དང་། ཤར་ཏུར་ཀི་སི་ཐན་ནང་མུ་མཐུད་དུ་མི་རིགས་རྩ་མེད་གཏོང་བའི་བྱེད་ཐབས་ལག་བསྟར་བྱེད་བཞིན་ཡོད་པ་ཐེར་འདོན་བྱས་ཡོད་པ་དང་། དེའི་ཐད་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བཅར་འདྲིའི་སྐབས། སྙན་ཐོ་དེས་ད་ལྟ་བོད་ནང་ཛ་དྲག་གནས་སྟངས་ཅི་ཙམ་ཆགས་ཡོད་པ་མངོན་གསལ་དོད་པོ་དང་བདེན་པ་ར་སྤྲོད་བྱུང་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།
སྙན་ཐོའི་ནང་ན་ནིང་སྤྱི་ཟླ་༥བར་རྒྱ་ནག་གི་ཉེན་རྟོག་པས་བོད་མི་བརྒྱ་ཕྲག་མང་པོ་འཛིན་བཟུང་བཙོན་འཇུག་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་འགལ་ནས་བཀག་ཉར་དང་ཡང་ན་ལོ་ཡུན་མི་ལོ་བཅོ་ལྔ་དང་ཚེ་བཙོན་སོགས་ཀྱི་ཁྲིམས་ཆད་བཅད་པ་སོགས་འཁོད་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་རྒྱ་ནག་གཞུང་ནས་ཆབ་སྲིད་ཀྱི་དགོས་མཁོའི་དབང་གིས། སོ་སོའི་དམར་ཕྱོགས་ཀྱི་གཞུང་དེ་གནས་ཐུབ་ཐབས་སུ་དམིགས་ནས་ཟས་གོས་གནས་མལ་ཙམ་གྱི་རང་དབང་ཡོད་པ་དེ། རང་དབང་ཡིན་པའི་འགྲེལ་བཤད་ལོག་པར་བརྒྱབ་བསྡད་པ་ཙམ་ལས། གཏམ་བརྗོད་དང་འདུ་འཛོམས། ཆོས་དད་རང་དབང་། འགྲུལ་བསྐྱོད་ཀྱི་རང་དབང་སོགས་རྡོག་རོལ་གཏོང་བཞིན་པས་རང་དབང་ངོ་མ་དེ་ཡོང་གི་མེད་པ་འགྲེལ་བརྗོད་གནང་གི་འདུག
ད་དུང་སྙན་ཐོ་དེའི་ནང་། རྒྱ་ནག་གཞུང་གིས་བོད་ནང་དྲ་ལམ་ཁག་ཏུ་དམ་དྲག་ཤུགས་ཆེ་བྱེད་བཞིན་པ་མ་ཟད། བོད་རང་སྐྱོང་ལྗོངས་ཟེར་བའི་ཁུལ་དུ་བོད་མི་ནང་ཁུལ་ཕན་ཚུན་དྲ་ལམ་བརྒྱུད་སོ་མྱུལ་བྱས་ཏེ། རྒྱ་ནག་གཞུང་ལ་བློ་མི་དཀར་བའི་རིགས་རྩིས་སྤྲོད་བྱས་ཐུབ་པ་ཡིན་ན། གཞུང་གིས་སྒེར་པ་དེར་ཨ་སྒོར་ཁྲི་བཞི་ལྷག་གི་བྱ་དགའ་སྤྲོད་ཀྱི་ཡོད་པ་སོགས་འཁོད་ཡོད་ཅིང་། བོད་ཀྱི་སྲིད་ཉམས་ཞིབ་ཁང་གི་དྲ་རྒྱའི་བདེ་འཇགས་ཉམས་ཞིབ་པ་བསྟན་འཛིན་དགྲ་ལྷ་ལགས་ནས། བོད་ནང་བོད་ཡིག་གི་ལམ་ནས་དྲ་རྒྱ་བེད་སྤྱོད་གནང་མཁན་ཚོར་དམིགས་བསལ་གནོན་ཤུགས་སྤྲོད་བཞིན་པ་དང་། ཉེ་ཆར་སྤྱི་ལོ་༢༠༢༡ལོའི་སྤྱི་ཟླ་༡༢པ་ནས་བཟུང་། སྤྱི་ཚོགས་དྲ་ལམ་བརྒྱུད་ཆོས་སྤེལ་བ་དང་མི་མང་ལ་སློབ་གསོ་སྤྲོད་པར་འགོག་རྐྱེན་བཟོ་བཞིན་པར་མ་ཟད། སྤྱི་ཚོགས་དྲ་རྒྱ་སྤྱོད་མཁན་ཚོར་ཆབ་སྲིད་ཀྱི་ཉེས་མིང་སྣ་ཚོགས་བཏགས་ནས། འཛིན་བཟུང་བཀག་སྐྱིལ་བྱེད་བཞིན་པ་འགྲེལ་བརྗོད་གནང་བྱུང་།
ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱི་སྙན་ཐོ་དེའི་ནང་། བོད་ནང་རྒྱ་ནག་གཞུང་གིས་མཐོ་སློབ་ཁག་ཏུ་ཆབ་སྲིད་སློབ་གསོ་དང་ཁ་བྲལ་ལ་ངོ་རྒོལ་ལས་འགུལ་སོགས་ཤུགས་ཆེ་སྤེལ་བཞིན་པའི་ཐོག བོད་ཡིག་སློབ་ཁྲིད་ཇེ་ཉུང་དུ་གཏོང་བ་དང་བོད་ཀྱི་རིག་གནས་གོམས་གཤིས་རྒྱ་བསྒྱུར་བྱེད་བཞིན་པ། དགོན་སྡེ་ཁག་གི་ཤུགས་རྐྱེན་ཆུང་དུ་གཏོང་གི་ཡོད་པ་དང་། ཕྱི་རྒྱལ་དུ་སྐྱབས་བཅོལ་བྱས་ནས་ཡོད་པའི་བོད་མི་ཚོ་ཕྱིར་བོད་ནང་གཉེན་འཕྲད་ཙམ་དུ་ཡང་ཡོང་མི་འཇུག་པ་དང་གནོན་ཤུགས་སྤྲོད་པ། རྒྱ་ནག་སྤྱི་ཡོངས་དང་མི་འདྲ་བར་ས་གནས་མགོ་ཁྲིད་འོས་བསྡུ་བྱེད་པར། བོད་མི་ཚོར་ཆ་ཤས་ལེན་པའི་འོས་འཕེན་གྱི་རང་དབང་མི་སྤྲོད་པ། བོད་ཀྱི་ས་ཁུལ་དུ་རྒྱ་ནག་མགོ་ཁྲིད་ཚོས་ལྐོག་ཟ་རུལ་སོང་ཤུགས་ཆེ་དང་འཛིན་སྐྱོང་ཕྱི་གསལ་ནང་གསལ་མེད་པ། བོད་མི་འཛིན་བཟུང་བྱས་པ་ཚོར་ཁྲིམས་རྩོད་ཀྱི་རང་དབང་མེད་པར་གང་བྱུང་ཁྲིམས་གཅོད་བྱེད་པ། བོད་མི་ཚོར་དབྱེ་འབྱེད་དང་སྤྱི་ཚོགས་ཀྱིས་བརྙས་བཅོས་ཐུབ་ཚོད་གཏོང་བ་སོགས་ཧ་ཅང་ཞིབ་ཚགས་འཁོད་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།