རྔ་བ་་ཁུལ་གྱི་བོད་མི་ཞིག་ལ་ལོ་གསུམ་བཙོན་འཇུག་ཁྲིམས་ཐག
2012.01.12
༄༅༎རྔ་པ་ཀིརྟི་ཁུལ་གྱི་བོད་མི་ཞིག་ལ་ལོ་གསུམ་བཙོན་འཇུག་གི་ཁྲིམས་ཐག་ཕོགས་ཡོད་པའི་གནས་ཚུལ་འདུག
དེ་ཡང་ཕྱི་ཚེས་༡༡ཉིན་ འདི་ག་རླུང་འཕྲིན་ཁང་ལ་ཁུངས་ལྡན་གྱི་གནས་ཚུལ་མཁོ་སྤྲོད་བྱུང་བར་ལྟར་ན་ སྔ་ལོ་ཕྱི་ཟླ་༣པའི་༡༦ཉིན་ མདོ་སྨད་རྔ་བ་ཀིརྟི་དགོན་པའི་གྲ་ཕུན་ཚོགས་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་བའི་ཉིན་ ས་གནས་ཀྱི་བོད་མི་སེར་སྐྱ་མང་པོས་འདུ་འཛོམས་ཀྱིས་ རྒྱ་ནག་གཞུང་ལ་ཞི་རྒོལ་བྱས་ཡོད་པ་དང་ ཞི་རྒོལ་ནང་མཉམ་བཞུག་གནང་མཁན་ རྔ་སྲིབ་ སྤྲོ་ཚིགས་ ཐང་བ་མའི་ བཀྲ་རྒྱལ་ཚང་གི་བུ་སྐལ་བཟང་འམ་ མགོན་དཀར་ཞུ་བ་ཞིག་ ཉིན་དེར་ རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཏེ་ ད་ཕན་རྔ་བ་རྗོང་ཐོག་དུ་བཙོན་འཇུག་བྱས་ཞིང་ ཐར་འདི་ཟླའི་ཚེས་༨ཉིན་ རྒྱ་ནག་གཞུང་གིས་རྩ་ཁྲིམས་དང་མི་མཐུན་པར་གསང་བའི་ཁྲིམས་ཐག་བཅད་དེ་ ཁོང་ལ་ལོ་གསུམ་བཙོན་འཇུག་གི་ཉེས་ཆད་བཀལ་འདུག་པ་དང་ ཆབས་ཅིག་རྒྱ་ནག་གི་མིན་ཡང་བཙོན་ཁང་དུ་ཁྲིད་ཡོད་འདུག་ གནས་ཚུལ་མཁོ་སྤྲོད་པའི་འགྲེལ་བརྗོད་གནང་པར་ ས་གནས་ཉེན་རྟོག་པས་སྐལ་བཟང་འམ་ མགོན་དཀར་ཞུ་བ་ཁོང་ སྔ་ལོ་ཕྱི་ཟླ་༣པའི་ཚེས་༡༦ཉིན་དོ་དམ་བཀག་ཉར་བྱས་པ་ནས་བཟུང་ བཙོན་ཁང་ནང་ཉེས་རྡུང་དྲག་པོ་ཕོག་འདུག་ལ་ ད་རེས་རྒྱ་ནག་གཞུང་གི་གསང་བའི་ཐོག་ནས་ཁྲིམས་ཐག་བཅད་པའི་བརྒྱུད་རིམ་ནང་ ཁོང་གི་ནང་མི་སྤུན་མཆེད་རྣམས་ལ་འགྲེལ་བཤད་དང་བརྡ་ལན་སོགས་གང་ཡང་སྤྲད་མེད་འདུག་ལ་ ཁྲིམས་ཐག་བཅད་པའི་གནས་ཚུལ་དང་ བཙོན་ཁང་གང་དུ་ཁྲིད་མིན་གྱི་གནས་ཚུལ་ཡང་ཁོང་གི་ནང་མི་ཚོས་ ཉིན་ཤས་རྗེས་སུ་གཞི་ནས་ཤེས་རྟོགས་བྱུང་འདུག།