འཛམ་གླིང་རྐང་རྩེད་སྤོ་ལོའི་འགྲན་བསྡུར་སྐབས་བོད་དོན་རྒྱབ་སྐྱོར་བ་བཀག་ཉར།
2018.07.16

འཛམ་གླིང་གསེར་གྱི་བུམ་པའི་རྐང་རྩེད་སྤོ་ལོའི་(FIFA)འགྲན་བསྡུར་སྐབས་བོད་ཀྱི་རྒྱལ་དར་འཕྱར་མཁན་ཧྥརན་སིའི་མི་རིགས་བོད་དོན་རྒྱབ་སྐྱོར་བ་ཞིག་ར་ཤེ་ཡའི་ཉེན་རྟོག་པས་བཀག་ཉར་བྱས་འདུག
དེ་ཡང་ར་ཤེ་ཡར་ཚོགས་པའི་(FIFA)འཛམ་གླིང་རྐང་རྩེད་སྤོ་ལོའི་གསེར་གྱི་བུམ་པའི་འགྲན་བསྡུར་བྱེད་སར་ཕྱི་ཟླ་ ༧ ཚེས་༡༠ ཉིན། ཧྥ་རནསི་ནས་ཡིན་པ་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་(Hugues)ཡེ་ཤེས་རྡོ་རྗེ་ལགས་ཀྱིས་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་མཚན་འཁོད་སྟོད་གོས་གྱོན་པ་དང་། བོད་ཀྱི་རྒྱལ་དར་འཕྱར་ཡོད་ཅིང་། སླར་ཡང་ཚེས་༡༥་ཉིན་གྱི་རྟིང་རྩོད་འགྲན་བསྡུར་ལ་བལྟ་བར་བསྐྱོད་སྐབས་ཁོང་ར་ཤེ་ཡའི་ཉེན་རྟོག་པས་བཀག་ཉར་བྱས་པ་དང་། དེ་མ་ཐག་ཁོང་གིས་སྤྱི་ཚོགས་དྲ་ལམ་ལ་ང་བོད་ལ་དགའ་བའི་རྐྱེན་གྱིས་ང་བཀག་ཉར་ཁང་ན་ཡོད་ཅེས་བཀག་ཉར་ཁང་ནས་བོད་ཀྱི་རྒྱལ་དར་བསྟན་པའི་པར་ཞིག་སྤེལ་ཡོད་པ་རེད།
འདི་ག་རླུང་འཕྲིན་ཁང་གིས་ཡེ་ཤེས་རྡོ་རྗེ་ལགས་སུ་ཁ་པར་བརྒྱུད་བཅར་འདྲི་བྱས་སྐབས། ཁོང་གིས། ཚེས་བཅོ་ལྔའི་ཉིན་སྔོན་འཆར་ལྟར་༧གོང་ས་ཏཱ་ལའི་བླ་མའི་མཚན་འཁོད་སྟོད་གོས་དང་བོད་ཀྱི་རྒྱལ་དར་གྲ་སྒྲིག་བྱས་ནས་རྟིང་རྩོད་འགྲན་བསྡུར་ལ་སྔ་ས་ནས་ལྟ་བར་སོང་མོད། ང་ལ་འཛིན་བྱང་ཡོད་མིན་ལ་མ་བལྟོས་བར་ཨུ་རུ་སུའི་ཉེན་རྟོག་པས་བོད་ཀྱི་རྒྱལ་དར་ཁྱེར་བའི་ལས་འགུལ་བ་རེད་ཟེར་ནས་འགྲན་བསྡུར་ལ་བལྟ་རུ་མ་བཅུག་པའི་ཐོག་ཆུ་ཚོད་ཁ་ཤས་ལ་བཀག་ཉར་བྱས་སོང་། སྐབས་དེར་སེམས་པ་སྐྱོ་བོ་བྱུང་ལ་རྒྱ་ནག་གི་སྟངས་འཛིན་འོག་གི་བོད་མི་དང་ལྷག་དོན་བཙོན་འོག་གི་བོད་མི་ཚོ་དྲན་བྱུང་། རྗེས་སུ་ཧྥ་རནསིའི་་གཞུང་ཚབ་བརྒྱུད་ང་རང་གློད་གྲོལ་བྱུང་ནས་ད་ལྟ་བདེ་ཐང་ངང་ཡོད་པ་འགྲེལ་བརྗོད་གནང་ཡོད་པ་རེད།
ད་དུང་ཁོང་གིས་མུ་མཐུད་དུ། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་ངང་མདུན་ལ་ཐོན་ནས་རྒྱ་ནག་གཞུང་གིས་བོད་ནང་གི་དམ་དྲག་སྟངས་འཛིན་ལ་ངོ་རྒོལ་བྱེད་དགོས་པ་དང་། དེ་ལྟར་མ་བྱས་པར་མངོན་གསལ་མེད་པར་ཡིབ་བསྡད་ན་བོད་ཀྱི་འཐབ་རྩོད་ཀྱི་ངོ་བོ་དེ་ཕྱི་ལ་གསལ་སྟོན་ཡོང་གི་མ་རེད་ཅེས་གསུངས་ཡོད་པ་རེད།
གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཁོང་དེ་སྔ་བོད་ནང་ལོ་གསུམ་ཙམ་ལ་བཞུགས་མྱོང་ཡོད་པ་དང་། ཁོང་གིས་བོད་དོན་ཆེད་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་ནས་ཡུན་རིང་ཕྱིན་ཡོད་པར་སྤྱི་ལོ་༢༠༠༢་ལོར་ཧྥ་རནསིའི་(Eiffel Tower )ལྕགས་ཀྱི་མཆོད་རྟེན་གྱི་རྩེར་བོད་ཀྱི་རྒྱལ་དར་བསྒྲེངས་པ་དང་། ༢༠༠༨་ལོར་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་འཕྲོག་ཐབས་བྱས་པ། དེ་བཞིན་བལ་ཡུལ་དང་། སུད་སིའི་གྲོང་ཁྱེར་ཇེ་ནེ་ཝ། ཧྥ་རནསི་བཅས་སུ་བོད་དོན་ཆེད་ལས་འགུལ་ཐེངས་མང་སྤེལ་མྱོང་ཡོད་པ་མ་ཟད། རྒྱ་ནག་གི་དབུ་ཁྲིད་ཕྱི་ལ་ཡོང་སྐབས་ངོ་རྒོལ་བྱས་རྐྱེན་བཀག་ཉར་ཡང་བྱུང་མྱོང་ཡོད་འདུག།
གསར་འགོད་པ་ཀླུ་འབུམ།