བཀྲ་ཤིས་དབང་འདུས་ལགས་རང་ངོས་ནས་སྲིད་སྐྱོང་འོས་མི་ནས་ཕྱིར་འཐེན་བྱས་འདུག
སྤྱི་མཐུན་མཉམ་འབྲེལ་འགན་འཛིན་ཟུར་པ་བཀྲ་ཤིས་དབང་འདུས་ལགས་ཀྱིས་རང་ངོས་ནས་མ་འོངས་༢༠༢༡གི་སྲིད་སྐྱོང་འོས་མིར་ལངས་རྒྱུ་ཕྱིར་འཐེན་བྱས་འདུག
བོད་མིའི་སྒྲིག་འཛུགས་ཀྱི་༢༠༢༡ལོའི་སྲིད་སྐྱོང་གི་འོས་མིར་བཞེངས་མཁན་ཁོངས་ནས། སྤྱི་མཐུན་མཉམ་འབྲེལ་འགན་འཛིན་ཟུར་པ་བཀྲིས་དབང་འདུས་ལགས་ཀྱིས་འདི་ཚེས་༢༩ཉིན་ཁོང་རང་༢༠༢༡ལོའི་སྲིད་སྐྱོང་གི་འོས་མིར་ལངས་མཁན་ཁོངས་ནས་ཕྱིར་འཐེན་བྱ་རྒྱུ་ཡིན་པ་ཡིག་ཐོག་ནས་ཕྱི་བསྒྲགས་གནང་འདུག གསལ་བསྒྲགས་དེའི་ནང་ཁོང་རང་དོན་ཚན་གཉིས་ལ་བརྟེན་ནས་ཕྱིར་འཐེན་བྱས་བ་བཀོད་འདུག་ཅིང་། དོན་ཚན་དང་པོ་དེ་མང་གཙོའི་འགྲོ་ལུགས་ལྟར་འོས་མི་དང་རྒྱ་ཆེའི་མི་མང་བར་གོ་རྟོགས་སྤེལ་རྒྱུའི་གོ་སྐབས་ཚད་ལྡན་མེད་པ། གཉིས་པ་དེ་ཁོང་རང་ཉིད་ནས་མང་གཙོའི་ལམ་ལུགས་ཚད་ལྡན་འོག་མི་མང་ཚོར་ཆབ་སྲིད་ཀྱི་གོ་རྟོགས་མཐིལ་ཕྱིན་ཡོང་རྒྱུ་མེད་དུ་མི་རུང་བ་ཞིག་ངོས་འཛིན་གྱིས་ངོ་དེབ་བརྒྱུད་ཐད་གཏོང་དང་དྲི་བ་དྲི་ལན་གང་བྱས་ཡོད་ཀྱང་དོན་དངོས་སྤྱི་ཚོགས་ཁྲོད་གལ་ཆེའི་ལས་འཆར་ཁག་ལ་བགྲོ་གླེང་མེད་པར་གཞི་མེད་སྐྱོན་བརྗོད་བྱེད་འགོ་འཚུགས་སོང་བས། དེ་འདྲའི་འཁྲུག་ཆ་དོད་པོའི་སྤྱི་ཚོགས་ནང་གུས་པས་སྡོད་ཐབས་མི་འདུག་པས་དོན་ཆེ་སར་བསམ་ཞིབ་ཀྱིས་གུས་པ་ཕྱིར་འཐེན་བྱ་རྒྱུའི་ཐག་གཅོད་བྱས་པ་ཡིན་ཞེས་དང་། དེ་བཞིན་སྲིད་སྐྱོང་འོས་མིར་བཞེངས་མཁན་གཞན་ཚོས་སོ་སོའི་རྒྱབ་སྐྱོར་བ་ཚོར་འོས་བསྡུའི་དྲིལ་བསྒྲགས་ཚུལ་ལྡན་ཡོང་བའི་འབོད་སྐུལ་ནན་པོ་གནང་རོགས་ཞེས་རེ་སྐུལ་གནང་འདུག
འདི་ག་རླུང་འཕྲིན་ཁང་ནས་གནས་ཚུལ་དེའི་ཐད། བཀྲིས་དབང་འདུས་ལགས་སུ་བཅར་འདྲི་ཞུས་སྐབས་ཁོང་གིས་ཡིག་ཐོག་གང་བཀོད་ཡོད་པ་དེ་ལས་ལན་འདེབས་གནང་རྒྱུ་མིན་པ་འགྲེལ་བརྗོད་གནང་བྱུང་།
བོད་མིའི་སྒྲིག་འཛུགས་ཀྱི་དབུས་འོས་བསྡུ་ལས་ཁང་ནས་༢༠༢༡ཟླ་༡ཚེས་༣ཉིན་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུ་དང་། ༢༠༢༡ཟླ་༤ཚེས་༡༡ཉིན་དངོས་གཞིའི་འོས་བསྡུའི་དུས་ཚོད་གཏན་འབེབས་གསལ་བསྒྲགས་གནང་ཡོད་པ་རེད།
༢༠༢༡ལོའི་སྲིད་སྐྱོང་འོས་མིར་བཞེངས་རྒྱུའི་གསལ་བསྒྲགས་གནང་ཚོས་འོས་བསྡུའི་དྲིལ་བསྒྲགས་ཐབས་ལམ་འདྲ་མིན་གྱི་ལམ་ནས་གནང་གི་ཡོད་པ་དང་། བཀའ་ཟུར་བློ་བཟང་སྙན་གྲགས་ལགས་ཀྱིས་དྲ་ལམ་དང་དེ་བཞིན་ས་གནས་ཁག་ཅིག་ནང་དངོས་སུ་སྐོར་བསྐྱོད་ཀྱི་དྲིལ་བསྒྲགས་གནང་ཡོད་པ་དང་། སྤྱི་འཐུས་ཚོགས་གཞོན་ཨ་ཅ་རྱཡ་ཡེ་ཤེས་ཕུན་ཚོགས་ལགས་ནས་གསར་འགོད་ལྷན་ཚོགས་ཐོག་སྲིད་བྱུས་བསྒྲགས་གཏམ་སྤེལ་གནང་ཡོད་པ། བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས་ནས་དྲ་ལམ་གསར་འགོད་ལྷན་ཚོགས་དང་། དེ་བཞིན་ས་གནས་ཁག་ཅིག་ལ་དངོས་སུ་ཆེད་བཅར་གྱི་འོས་བསྡུའི་དྲིལ་བསྒྲགས་སྤེལ་གནང་ཡོད་པ་། ཨ་རི་དོན་ཟུར་སྐལ་བཟང་རྡོ་རྗེ་ལགས་ནས་དྲ་ལམ་བརྒྱུད་གསལ་བསྒྲགས་དང་དེ་བཞིན་ས་གནས་ཁག་ཅིག་ལ་དངོས་སུ་ཆེད་བཅར་གྱིས་འོས་བསྡུའི་དྲིལ་བསྒྲགས་སྤེལ་གནང་ཡོད་པ་རེད། སྤྱི་འཐུས་ཚོགས་ཟུར་སྤེན་པ་ཚེ་རིང་ལགས་ནས་རེས་གཟའ་སྤེན་པ་འཆར་ཅན་དྲ་ལམ་ཐད་གཏོང་བརྒྱུད་སོ་སོའི་མ་འོངས་ལས་འཆར་ཁག་ངོ་སྤྲོད་དང་། དྲ་ལམ་བརྒྱུད་ས་གནས་ཁག་ཅིག་གི་མི་མང་དང་མཉམ་དུ་བགྲོ་གླེང་གནང་ཡོད་པ། བཀའ་ཟུར་ལྡི་ལི་སྐུ་ཚབ་དོན་གཅོད་འབྲོང་ཆུང་དངོས་གྲུབ་ལགས་ཀྱི་རྒྱབ་སྐྱོར་བ་ཁག་ཅིག་གི་དྲ་ལམ་བགྲོ་གླེང་གནང་ཡོད་པ། ཤི་ལོང་གནས་སྡོད་བཀྲིས་སྟོབས་རྒྱལ་ལགས་ནས་དྲ་ལམ་བརྒྱུད་འོས་བསྡུའི་དྲིལ་བསྒྲགས་གནང་ཡོད་པ་རེད།