བོད་མི་གློག་བརྙན་འཁྲབ་ཁྲིད་པར་གཟེངས་རྟགས་ཐོབ།
2011.10.10
༄༅༎བོད་རིགས་གློག་བརྙན་འཁྲབ་ཁྲིད་པ་ ཟོན་ཐར་རྒྱལ་གྱི་གློག་བརྙན་ དབུས་ལམ་གྱི་ཉི་མ་ཞེས་པ་དེར། ཀེ་ན་ཌའི་ལྦེན་ཁུ་ལྦར་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་Dragon and Tiger ཞེས་པའི་སྟག་འབྲུག་གཟེངས་རྟགས་ཐེངས་༡༨པ་དེ་ཐོབ་འདུག།
ཟོན་ཐར་རྒྱལ་ནི་བོད་ཤར་ཕྱོགས་ཨ་མདོ་ཁུལ་ནས་ཡིན་པ་དང༌། དེའི་གོང་ལ་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་སྙན་གྲགས་ཅན་པདྨ་ཚེ་བརྟན་ལགས་ཀྱི་བཟོ་སྒྲིག་གནང་བའི་གློག་བརྙན་ དྲི་མེད་ཀུན་ལྡན་དང༌། ཁྱིར་རྒན་གཉིས་ཀྱི་པར་ལེན་གནང་མཁན་དེ་ཡིན་པ་རེད།
ཟོན་ཐར་རྒྱལ་ལགས་ཀྱི་གློག་བརྙན་ དབུས་ལམ་གྱི་ཉི་མར་ཀེ་ན་ཌའི་ཌོ་ལར་ཁྲི་གཅིག་གི་གསོལ་རས་ཐོབ་ཡོད་པ་དང༌། གློག་བརྙན་འདེམས་སྒྲུག་གནང་མཁན་གྱིས་ གློག་བརྙན་དེའི་ནང་གི་སྒྲུང་གི་འགྲོ་སྟངས་དང་འཁྲབ་སྟོན་པ་རེ་གཉིས་ཀྱི་རྣམ་འགྱུར་དང་ཡུལ་ལྗོངས་སོགས་པར་ལེན་བྱེད་སྟངས་ལ་བསྔགས་བརྗོད་ཆེན་པོ་གནང་བཞག། གོང་ཞུས་གློག་བརྙན་དེའི་ནང་འཁྲབ་གནང་མཁན་གཙོ་བོ་གསུམ་ཡོད་པ་དང༌། ཁོང་རྣམས་ནི་ཡེ་ཤེས་ལྷ་འབྲུག་དང་ བློ་སྐྱིད། སྐལ་བཟང་རིན་ཆེན་བཅས་ཡིན་ཞིང༌། གློག་བརྙན་དེའི་ནང་དོན་ནི། རང་གི་མ་རྒན་འཁོར་ལོས་བརྗིས་ནས་རྐྱེན་ལམ་དུ་བཏང་བའི་བུ་ཞིག་གིས་འགྱོད་བཤགས་ཆེད་ལྷ་ས་བར་བརྐྱང་ཕྱག་འཚལ་ནས་ཕ་ཡུལ་དུ་ཕྱིར་ལོག་བྱེད་སྐབས། བུ་མོའི་གཉེན་སྟོན་ལ་ཞུགས་ནས་ཕྱིར་འགྲོ་བའི་རྒས་པོ་ཞིག་ལམ་བར་འཕྲད་ནས་། རྒན་གཞོན་གཉིས་ཀའི་སེམས་ནང་གི་འཇིག་རྟེན་ལ་བརྩེ་སེམས་དང༌། འདུ་བྲལ། དགའ་སྐྱོ། འགྱོད་བཤགས་སོགས་ཀྱི་མཚོན་དོན་ཇི་སྙེད་ཅིག་གཟིགས་མོ་བ་ཚོའི་སྤྱན་ལམ་དུ་སྒྲོན་ཡོད་པ་རེད། གོང་ཞུས་གློག་བརྙན་དེར་ སྟག་འབྲུག་གཟེངས་རྟགས་ཐོབ་ཡོད་པ་དང༌། དེ་ནི་ལོ་ལྟར་གསར་དུ་ཐོན་པའི་ཤར་ཨེ་ཤི་ཡའི་གློག་བརྙན་འཁྲབ་ཁྲིད་པ་ཞིག་ལ་གནང་སྲོལ་ཡོད་པ་རེད།