ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ད་བར་བཙན་བྱོལ་བོད་མིའི་མི་འབོར་གྲངས་བཤེར་ནང་ཞུགས་མཁན་༢༢༠༥༩བྱུང་འདུག

2022.10.13
ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ད་བར་བཙན་བྱོལ་བོད་མིའི་མི་འབོར་གྲངས་བཤེར་ནང་ཞུགས་མཁན་༢༢༠༥༩བྱུང་འདུག བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་རྒྱལ་ཡུལ་གྲུ་ཁག་གི་མི་འབོར་གྲངས་བཤེར་གྱི་བསྡོམས་ཐོ། ༡༠།༡༣།༢༠༢༢
སྒྲིག་བཟོ།/RFA

བོད་མིའི་སྒྲིག་འཛུགས་ཀྱིས་བར་ལམ་ནས་བཟུང་། རྒྱ་བལ་འབྲུག་གསུམ་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་བཅས་སུ། བཙན་བྱོལ་བོད་མི་གནས་སྡོད་ཀྱི་མི་འབོར་གྲངས་བཤེར་གནང་གི་ཡོད་པ་བཞིན། ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་རྒྱ་བལ་འབྲུག་གསུམ་མ་ཚུད་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་གི་མི་འབོར་གྲངས་བཤེར་གྱི་བསྡོམས་ཐོ་དེ། སྤྱི་ཟླ་༡༠པའི་ཚེས་༡༣ཉིན་བཞུགས་སྒར་དུ་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ནས་ཕྱིར་བསྒྲགས་གནང་སྐབས། ཕྱི་རྒྱལ་གྱི་སྐུ་ཚབ་དོན་གཅོད་བཅུ་དང་ཧྥ་རི་སི་འབྲེལ་མཐུད་ལས་ཁུངས་བཅས་ཀྱི་ཁྱབ་ཁོངས་སུ། བཙན་བྱོལ་བོད་མི་༥༢༡༧༠ཡོད་ནའང་། མི་འབོར་གྲངས་བཤེར་དུ་ད་བར་༢༢༠༥༩ཡིས་མ་གཏོགས་ཆ་ཤས་བླངས་མེད་པ་དང་། གྲངས་བཤེར་ནང་མཉམ་ཞུགས་གནང་མ་ཐུབ་པའམ་མ་གནང་བ་༣༠༡༡༡ཡོད་པ་སོགས་འགྲེལ་བརྗོད་གནང་སོང་།

Karma Choeying Tibetan demographic survey་.jpg
ཨོ་གླིང་སྐུ་ཚབ་དོན་གཅོད་ཀྱི་ཁྱབ་ཁོངས་དུ། ཁྱོན་བསྡོམས་མི་འབོར་༢༦༡༩དང་གྲངས་བཤེར་དུ་འཛུལ་བ་མི་གྲངས་༢༢༩༣། གྲངས་བཤེར་དུ་མ་ཚུད་པ་༣༢༦། ཐེ་ཝན་སྐུ་ཚབ་དོན་གཅོད་ཀྱི་ཁྱབ་ཁོངས་སུ་ཁྱོན་བསྡོམས་མི་འབོར་༥༠༠དང་གྲངས་བཤེར་དུ་ཚུད་པ་༡༩༩དང་མ་ཚུད་པ་༣༠༡། སུད་སི་སྐུ་ཚབ་དོན་གཅོད་ཀྱི་ཁྱབ་ཁོངས་སུ། ཁྱོན་བསྡོམས་མི་འབོར་༧༤༧༠དང་གྲངས་བཤེར་དུ་ཚུད་པ་༣༠༤༣དང་གྲངས་བཤེར་དུ་མ་ཚུད་པ་༤༤༢༧། བྱང་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་ཀྱི་ཁྱབ་ཁོངས་སུ། ཁྱོན་བསྡོམས་མི་འབོར་༢༦༣༨༥ཡིན་པ་དང་། མི་འབོར་གྲངས་བཤེར་དུ་ཚུད་པ་༡༡༦༧༡དང་མ་ཚུད་པ་༡༤༧༡༤། ཉི་ཧོང་སྐུ་ཚབ་དོན་གཅོད་ཀྱི་ཁྱབ་ཁོངས་སུ་ཁྱོན་བསྡོམས་མི་འབོར་༡༦༣དང་མི་འབོར་གྲངས་བཤེར་དུ་ཚུད་པ་༡༢༡དང་མ་ཚུད་པ་༤༢། ཨིན་ལཎ་ཊི་སྐུ་ཚབ་དོན་གཅོད་ཀྱི་ཁྱབ་ཁོངས་སུ་ཁྱོན་མི་འབོར་༨༤༨དང་མི་འབོར་གྲངས་བཤེར་དུ་ཚུད་པ་༣༩༧དང་མ་ཚུད་པ་༤༥༡། བྷེལ་ལྗམ་སྐུ་ཚབ་དོན་གཅོད་ཀྱི་ཁྱབ་ཁོངས་སུ་ཁྱོན་མི་འབོར་༥༥༥༨དང་གྲངས་བཤེར་དུ་ཚུད་པའི་མི་འབོར་༡༣༩༠དང་། གྲངས་བཤེར་དུ་མ་ཚུད་པ་༤༡༦༨། རུ་སོག་སྐུ་ཚབ་དོན་གཅོད་ཀྱི་ཁྱབ་ཁོངས་སུ་བསྡོམས་པའི་མི་འབོར་༡༢༠ཡིན་པ་དང་། གྲངས་བཤེར་དུ་ཚུད་པའི་མི་འབོར་༡༠༤དང་མ་ཚུད་པ་༡༦། ལྷོ་ཨ་ཧྥི་རི་ཀའི་སྐུ་ཚབ་དོན་གཅོད་ཀྱི་ཁྱབ་ཁོངས་སུ། ཁྱོན་མི་༥དང་གྲངས་བཤེར་དུ་ཚུད་པ་མི་༥ཡིན་པ། ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་ཀྱི་ཁྱབ་ཁོངས་སུ་བོད་མི་༢དང་གྲངས་བཤེར་དུ་ཚུད་པ་༢། སྦལ་སིལ་སྐུ་ཚབ་དོན་གཅོད་ཀྱི་ཁྱབ་ཁོངས་སུ་བསྡོམས་མི་འབོར་དེ་༨༥༠༠དང་གྲངས་ཐོ་སླེབས་པ་༢༨༣༤ཡིན་པ་དང་། གྲངས་བཤེར་དུ་མ་ཡོང་བ་༥༦༦༦ཡིན་པས། ཁྱོན་བསྡོམས་རྒྱ་བལ་འབྲུག་གསུམ་མ་ཚུད་པའི་སྐུ་ཚབ་དོན་གཅོད་ཁག་བཅུ་དང་། ཕ་རི་སི་འབྲེལ་མཐུད་ལས་ཁུངས་བཅས་བསྡོམས་བཅུ་གཅིག་གི་ནང་དུ། ཁྱོན་བསྡོམས་པའི་མི་འབོར་ངོ་ཡོད་༥༢༡༧༠ཡིན་པ་དང་། མི་འབོར་གྲངས་བཤེར་དུ་མཉམ་ཞུགས་གནང་བ་༢༢༠༥༩དང་། གྲངས་བཤེར་དུ་མ་ཞུགས་མ་ཐུབ་པའམ་མ་གནང་བ་༣༠༡༡༡ཆགས་ཡོད། ཡིན་ནའང་། གྲངས་བཤེར་འདི་ནི་མཚམས་འཇོག་རྒྱུ་མིན་པར། མུ་མཐུད་དུ་འབྲེལ་ཡོད་ལ་གོ་བསྡུར་དང་སྐུ་ཚབ་དོན་གཅོད་ཚོར་བསྐྱར་དུ་འཆར་འབུལ་གྱིས། གྲངས་བཤེར་མུ་མཐུད་འགྲོ་རྒྱུ་ཡིན་པ་འགྲེལ་བརྗོད་གནང་གི་འདུག
ད་ལྟའི་འདི་ནི་མི་འབོར་གྲངས་བཤེར་ཡིན་པ་དང་། མི་འབོར་ཞིབ་བཤེར་ནི་སྔོན་མ་ལོ་བཅུ་ཚན་རེ་རེ་བཞིན་མི་འབོར་ཞིབ་བཤེར་བྱས་བསྡད་པ་དེ་ཧ་ཅང་ཞིབ་ཚགས་པོ་རེད། སྔོན་མའི་ཉམས་མྱོང་གིས་མང་པོ་ཞིག་གིས་སོ་སོའི་སྒེར་གྱི་གནས་ཚུལ་མང་པོ་སྤྲད་དགོས་པར་བསམས་ཏེ། ཐེ་ཚོམ་དང་དོགས་པ་ཡོང་གི་ཡོད་པས་དེ་འདྲ་དགོས་ཀྱི་མི་འདུག ང་ཚོ་ལ་དམའ་མཐའ་སར་མིའི་གྲངས་ཐོ་བྱུང་ན་འགྲིག་པར་ངོས་འཛིན་གྱིས་ཧ་ཅང་སྟབས་བདེ་བཟོས་ཡོད་ནའང་། དེའི་ནང་མཉམ་ཞུགས་མ་གནང་ན་བཙན་པོ་དབང་ཡོད་ཀྱིས་བཀའ་བཏང་རྒྱུ་མེད་མོད། བཙན་བྱོལ་བོད་མི་ཡོངས་རྫོགས་སྒྲིག་འཛུགས་འདིའི་ཁྱབ་ཁོངས་ཡིན་པར་བརྟེན། བཙན་བྱོལ་དུ་བོད་མིའི་མི་འབོར་ཅི་ཡོད་སྒྲིག་འཛུགས་ལ་བཤད་རྒྱུ་ཞིག་དགོས་པ་བོད་མིའི་སྒྲིག་འཛུགས་ཀྱིས་གལ་ཆེན་དུ་མཐོང་གི་ཡོད་ཅིང་། ཕྱི་རྒྱལ་ཡུལ་ཁག་ཏུ་དེང་སང་འགྲོ་མཁན་མང་དུ་འཕེལ་བཞིན་པ་ཡིན་ནའང་། རྒྱ་གར་དང་བལ་ཡུལ་གཉིས་ཀྱི་ནང་མི་འབོར་གྲངས་བཤེར་གྱིས་ད་སྔ་འབྱོར་ཟིན་པའི་གྲངས་ཐོ་ནི་མི་༦༥༧༠༠ཆགས་ཡོད་པ་རེད།

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎