བོད་མིའི་མཉམ་འབྲེལ་འཛིན་སྐྱོང་གི་ཚོཌ་ཆེན།
2011.08.11
༄༅༎ཁ་ས་ཚེས་
༡༡ ཉིན་ བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་གཙོ་སྐྱོང་འོག་བོད་མིའི་མཉམ་འབྲེལ་བཅོ་ལྔའི་འཛིན་སྐྱོང་ཚོགས་ཆེན་ཐེངས་
༡༡ པ་དེ་བཞུགས་སྒར་རྡ་རམ་ས་ལར་དབུ་འཛུགས་གནང་ཡོད་པའི་གནས་ཚུན་ཐོན་འདུག བོད་མིའི་མཉམ་འབྲེལ་འཛིན་སྐྱོང་གི་ཚོགས་ཆེན་འདིའི་ཐོག་
སྐུ་མགྲོན་གཙོ་བོ་བཀའ་ཁྲི་བློ་བཟང་སེང་གེ་མཆོག་དབུ་བཞུགས་ཐོག་ བོད་མི་མང་སྤྱི་འཐུས་ཚོགས་གཞོན་གཙོས་པའི་སྤྱི་འཐུས་ཁག་ཅིག་དང་།
རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ་ བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་་
སྤྱི་མཐུན་མཉམ་འབྲེལ་སྤྱི་ཁྱབ་འགན་འཛིན་དང་ ཚོགས་གཙོ་གཙོས་པའི་གཞིས་ཆགས་ཁག་བཅོ་ལྔའི་མཉམ་འབྲེལ་གྱི་ཚོགས་གཙོ་དང་དྲུང་ཆེ་
འགན་འཛིན་རྣམ་པ་བཅས་ལས་གྲུབ་པའི་ཁྱོན་མི་གྲངས་ ༨༠ བརྒལ་བ་ལྷན་འཛོམས་གནང་ཡོད་པ་རེད་
ལྷན་ཚོགས་དབུ་འབྱེད་ཉིན་ སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོ་བཀྲིས་དབང་འདུས་ལགས་ཀྱིས་
ད་རེས་ཀྱི་ཚོགས་འདུའི་དམིགས་དོན་དང་ ལས་བསྡོམས་སྙིང་བསྡུས་ཤིག་སྒྲོགས་སྦྱང་གནང་འདུག་པ་དང་
དེ་ནས་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་ བོད་མིའི་མཉམ་འབྲེལ་བཅོ་ལྔའི་བྱུང་རབས་ལོ་རྒྱུས་ཀྱི་དཔེ་དེབ་དང་།
ནང་སྲིད་དྲུང་ཆེས་སྤྱི་མཐུན་མཉམ་འབྲེལ་གྱི་གསར་འཕྲིན་ཁག་གཉིས་དབུ་འབྱེད་གནང་བཞག་ ལྷན་ཚོགས་འདིའི་ཐོག་
བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་ ངས་དུས་རྒྱུན་ཤོད་བཞིན་པའི་ནང་ནས་གཅིག་གཞི་རིམ་གསར་གཏོད་དང་
རང་མགོ་རང་ཐོན་བྱེད་རྒྱུ་དེ་མཉམ་འབྲེལ་གྱི་འཆར་གཞི་དང་དམིགས་ཡུལ་བྱེད་ཕྱོགས་དང་མཐུན་པ་ལྟ་བུ་ཆགས་འདུག་ཅེས་བོད་མིའི་སྤྱི་མཐུན་མཉམ་སྦྲེལ་གྱི་ད་ཕན་སྤྱི་ཚོགས་ནང་ཕན་རླབས་ཀྱི་ལས་དོན་གྲུབ་པ་ཁག་ལ་བསྔགས་བརྗོད་ཞུས་གནང་བ་དང་ཆབས་ཅིག་
མཉམ་སྦྲེལ་གྱི་ལས་དོན་ཇི་འདྲ་ཞིག་རུང་ ཁྲིམས་མཐུན་ལག་བསྟར་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པའི་སྐོར་དྲན་སྐུལ་གནང་བཞག་
ད་རེས་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་འཛིན་སྐྱོང་ཚོགས་འདུ་དེ་བཞིན་ ཉིན་གྲངས་གསུམ་རིང་གནང་རྒྱུ་ཡིན་འདུག་ལ་
དུས་ཚོད་དེའི་རིང་ལས་བསྡོམས་དང་། རྩིས་ཁྲ་ སྔ་ལོའི་གྲོས་ཆོད་བསྐྱར་ཞིབ་ མ་འོངས་ལས་གཞི་གསར་གཏོད་དང་ཚགས་ཚུད་གཏོང་ཕྱོགས་བཅས་ཀྱི་སྐོར་གོ་བསྡུར་ལྷུག་གླེང་གནང་རྒྱུ་ཡིན་འདུག་༎