བོད་རྒྱ་མཉམ་མཐུན་ཚོགས་འདུའི་ཐོག ༸སྐུའི་ཡང་སྲིད་ཐད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁོ་ན་ལས། རྒྱ་ནག་གཞུང་གིས་དེར་ཐེ་བྱུས་མི་ཆོག་པའི་གྲོས་ཆོད་བཞག་འདུག
ཨའོསི་ཊརེ་ལི་ཡའི་ནང་གི་སྐུ་ཚབ་དོན་གཅོད་ཁང་དང་རྒྱ་ནག་མང་གཙོའི་མཐུན་ཚོགས་གཉིས་ཀྱིས་གོ་སྒྲིག་འོག ཨའོསི་ཊརེ་ལི་ཡའི་རྒྱལ་ས་ (Canberra) ནང་གི་གཙུག་ལག་སློབ་གཉེར་ཁང་དུ། ཟླ་ ༢ ཚེས་ ༨ ནས་ཉིན་གཉིས་རིང་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་དང་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ལགས། བོད་མི་མང་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་སོགས་ཀྱིས་རྒྱ་རིགས་ཤེས་ཡོན་པ་དང་མང་གཙོ་དོན་གཉེར་བ་སོགས་དང་ལྷན། ཐུན་མོང་གི་གཞི་རྟེན་དང་ཁེ་ཕན་འཚོལ་བའི་བརྗོད་གཞི་དང་འབྲེལ་ཏེ། བོད་རྒྱ་མཉམ་མཐུན་གྱི་ཚོགས་འདུ་ཞིག་ཚོགས་ཡོད་པའི་སྟེང་། ༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁོ་ན་ལ་དབང་ཚད་དང་བདག་དབང་ཡོད་པ་མ་གཏོགས། རྒྱ་ནག་གཞུང་གིས་དེ་ལ་ཐེ་བྱུས་མི་ཆོག་པ་དང་། རྒྱ་ནག་གཞུང་ནས་སྲིད་གཞུང་གི་བཙན་འོག་ཏུ་ཡོད་པའི་བོད་རྒྱ་ཧོར་གསུམ་དང་། ཡུ་གུར་དང་ཧོང་ཀོང་ལ་སོགས་པར་དྲག་གནོན་མཚམས་འཇོག་དགོས་པ། འདི་ལོ་རྒྱ་རིགས་ཤེས་ཡོན་ཅན་དང་བོད་མིའི་དབར་ཚོགས་ཆེན་ཞིག་འཚོག་འཆར་བཅས་ཀྱི་གྲོས་ཆོད་བཞག་ཐུབ་ཡོད་པ། ཨའོསི་ཊརེ་ལི་ཡའི་སྐུ་ཚབ་དོན་གཅོད་ཀྱི་རྒྱ་རིགས་འབྲེལ་མཐུད་པ་ཟླ་བ་བཟང་མོ་ལགས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

བོད་རྒྱ་མཉམ་མཐུན་གྱི་བགྲོ་གླེང་ཐོག ཨའོསི་ཊརེ་ལི་ཡ་དང་ནིའུ་ཛི་ལཎ་ཌི་རྒྱལ་ཁབ་ནང་དུ་རྟེན་གཞི་བྱས་པའི་རྒྱ་ནག་གི་མནར་གཅོད་མྱངས་མྱོང་བའི་མི་མང་མཐུན་ཚོགས་དང་། རྒྱ་ནག་གི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་མནའ་འབྲེལ་ཚོགས་པ། ཨའོསི་ཊརེ་ལི་ཡའི་བོད་རྒྱ་མཛའ་འབྲེལ་ཚོགས་པ་དང་ཐེ་ཝན་གྱི་མཐུན་གྲོགས་ཚོགས་པ་སོགས་ནས་རྒྱ་རིགས་མཁས་པ་དང་མང་གཙོ་དོན་གཉེར་བ། རྒྱ་ནག་གི་སྡུག་སྦྱོང་འོག་ཚུད་མྱོང་བ་བཅས་མང་དག་ཅིག་ཚོགས་འདུ་དེར་བཅར་ཡོད་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལམ་སྟོན་ལྟར། ཕྱི་ལོ་ ༢༠༠༨ ནས་བཟུང་བོད་མི་རྣམས་ནས་རྒྱ་རིགས་དང་དམིགས་བསལ་འབྲེལ་མཐུད་འགོ་འཛུགས་ཞུས་ཡོད་པས། ཨའོསི་ཊརེ་ལི་ཡའི་ནང་བོད་དོན་རྒྱབ་སྐྱོར་བ་རྒྱ་རིགས་གྲོགས་པོ་རྙིང་པ་མང་པོ་ཡོད་པ་ཚོར་ཚོགས་འདུ་དེར་མཉམ་འཛོམས་དང་། ལྷག་པར་གྲོགས་པོ་གསར་པ་མང་པོ་ཞིག་འབྱུང་བཞིན་པ་ཚོར་དབུ་མའི་ལམ་གྱི་སྐོར་ངོ་སྤྲོད་སྦྱངས་བཤད་གནང་ཐུབ་ཡོད་པ་ཟླ་བ་བཟང་མོ་ལགས་ནས་ངོ་སྤྲོད་གནང་གི་འདུག
རྩ་བའི་ཨའོསི་ཊརེ་ལི་ཡར་འཚོགས་པའི་བོད་རྒྱ་མཉམ་མཐུན་གྱི་ཚོགས་འདུ་དེར། རྒྱ་རིགས་ལས་འགུལ་བ་དང་སློབ་ཕྲུག་སོགས་ཚུད་པའི་མི་སྣ་ལྔ་བཅུ་ལྷག་ཆེད་དུ་བཅར་འདུག་ཅིང་། རྒྱ་ནག་གི་བཙན་འོག་ཏུ་ཚུད་པའི་བོད་དང་ཤར་ཏུར་ཀི་སི་ཐན། ཧོང་ཀོང་དང་ལྷོ་སོག་པོ་བཅས་སུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་འགྲོ་བཞིན་པ་སྤྱི་དང་། ཁྱད་པར་རྒྱ་རིགས་མང་གཙོ་དོན་གཉེར་བ་དང་ཧོང་ཀོང་གི་མི་རིགས། བོད་དང་ཆོས་འཁོར་རྩ་རླུང་ཉམས་ལེན་པ་བཅས་ཀྱི་དབར་འབྲེལ་ལམ་དམ་ཟབ་སྒོས་འབྱུང་འགྱུར་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་ཐད། ལས་དོན་གྱི་ནུས་པ་ཇེ་ཆེར་གཏོང་ཐབས་ཀྱི་ཞུ་གཏུག་དང་གོ་རྟོགས་སྤེལ་སྟངས་སོགས་ཀྱི་སྐོར་གོ་བསྡུར་བྱུང་ཡོད་འདུག
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།