རྒྱ་གར་བ་བྱེད་ན་འགྲིག
2013.08.22
༄༅། །དེ་རིང་ཕྱི་ཚེས་ ༢༢ ཉིན་རྒྱ་གར་དུས་བབ་ཚགས་པར་(The Times Of India)ཞེས་པའི་ནང་གནས་ཚུལ་བཀོད་པ་ལྟར་ན། ཁ་སང་ཕྱི་ཚེས་ ༢༡ ཉིན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་རྒྱ་གར་ནང་གནས་སྡོད་བྱེད་བཞིན་པའི་བཙན་བྱོལ་བོད་མི་ཚོས་རྒྱ་གར་གྱི་མི་སེར་ཐོབ་ཐང་བཟོ་ཆོག་པ་དང་། བོད་མིའི་སྒྲིག་འཛུགས་ཀྱིས་བོད་མི་ཚོར་རྒྱ་གར་མི་སེར་ཐོབ་ཐང་བཟོ་བར་རྒྱབ་གཉེར་ཡིག་ཆའི་རོགས་རམ་གནང་རྒྱུ་ཡིན་ཞེས་གསུངས་འདུག ཁོང་གིས་བོད་མིའི་སྒྲིག་འཛུགས་ནས་བོད་མི་ཚོས་རྒྱ་གར་གྱི་མི་སེར་བཟོ་བར་བཀག་འགོག་བྱེད་ཀྱི་མེད་ལ། མི་སྒེར་གྱིས་རྒྱ་གར་རམ་རྒྱལ་ཁབ་གང་རུང་ཞིག་གི་མི་སེར་ཐོབ་ཐང་བཟོ་ན་གང་ཟག་སོ་སོ་ཐག་གཅོད་ཅིག་རེད་”ཅེས་གསུངས་འདུག
སྲིད་སྐྱོང་མཆོག་གིས་ད་དུང་། ཕྱི་ལོ་ ༡༩༨༦ ལོའི་རྒྱ་གར་གྱི་མི་སེར་ཐོབ་ཐང་རྩ་ཁྲིམས་ནང་གསལ་བ་ལྟར་ན། ཕྱི་ལོ་ ༡༩༥༠ ནས་ ༡༩༨༧ ལོའི་བར་རྒྱ་གར་ནང་སྐྱེས་པ་ཡིན་ན། རྒྱ་གར་མི་སེར་ཐོབ་ཐང་བཟོ་ཆོག་པར་བརྟེན། ཆ་རྐྱེན་དེའི་འོག་རྒྱ་གར་ནང་གི་སྐྱབས་བཅོལ་བོད་མིང་པོ་ཞིག་ལ་རྒྱ་གར་གྱི་མི་སེར་བཟོ་ཆོག་པའི་ཐོབ་ཐང་ཡོད་པ་དང་། གནད་དོན་འདིའི་ཐད་དེ་སྔ་བོད་མིའི་སྒྲིག་འཛུགས་ཀྱིས་བཀག་འགོག་བྱས་མེད་ལ། དམིགས་བསལ་སྲིད་བྱུས་ཀྱང་ཁ་གསལ་གང་ཡང་མེད་པ་རེད་ཅེས་གསུངས་འདུག
རྒྱ་གར་དུས་བབ་ནང་མུ་མཐུད་བཀོད་དོན་ལ། འདི་ནི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་བོད་མི་ཚོར་རྒྱ་གར་མི་སེར་བཟོ་ཆོག་པའི་གཞུང་འབྲེལ་གྱི་ཆོག་མཆན་དང་པོ་དེ་ཆགས་ཡོད། ༢༠༡༡ ལོར་བོད་རིགས་བུད་མེད་རྣམ་རྒྱལ་སྒྲོལ་དཀར་ལ་རྒྱ་གར་གྱི་མི་སེར་ཐོབ་ཐང་རག་པའི་བོད་མི་ཐོག་མ་དེ་ཆགས་ཡོད་པ་རེད་ཅེས་སོགས་བཀོད་འདུག
སྲིད་སྐྱོང་མཆོག་གིས་མུ་མཐུད་གསུངས་ཡག་ལ། ཁོང་གིས་བོད་མིའི་སྒྲིག་འཛུགས་ཀྱི་འགན་དབང་འཁུར་བའི་ལོ་གཉིས་རིང་བོད་མི་ ༡༤ ཙམ་གྱིས་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་ལས་ཁུངས་ལ་རྒྱ་གར་གྱི་མི་སེར་བཟོ་རྒྱུར་སྙན་ཞུ་འབྱོར་བ་རྣམས་ལ་གཞུང་གིས་རྒྱབ་གཉེར་མཐུན་འགྱུར་ཞུས་ཡོད་སྐོར་སོགས་གསུངས་འདུག །