ཨ་རུ་ནཱ་ཅལ་མངའ་སྡེའི་བློན་ཆེན་མཆོག་གིས་ཁུལ་དེའི་བོད་མིར་རོགས་རམ་གནང་རྒྱུའི་ཞལ་བཞེས་གནང་།

2021.03.26
ཨ་རུ་ནཱ་ཅལ་མངའ་སྡེའི་བློན་ཆེན་མཆོག་གིས་ཁུལ་དེའི་བོད་མིར་རོགས་རམ་གནང་རྒྱུའི་ཞལ་བཞེས་གནང་། རྒྱ་གར་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་ཀྱིས་མེའོ་ཆོས་འཕེལ་གླིང་བོད་མིའི་གཞིས་ཆགས་སུ་འཚམས་གཟིགས་སྐབས། ༣།༢༦།༢༡
Pema Khandu/FB

རྒྱ་གར་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་ཀྱིས་མེའོ་ཆོས་འཕེལ་གླིང་བོད་མིའི་གཞིས་ཆགས་ཀྱི་བོད་མིའི་དཀའ་ངལ་དང་འབྲེལ་བའི་གནད་དོན་ཐོག་རོགས་རམ་གནང་རྒྱུའི་ཁས་ལེན་གནང་འདུག
དེ་ཡང་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་ཁུལ་གྱི་བཙན་བྱོལ་བོད་མིའི་གཞིས་ཆགས་ཆེ་ཤོས་གྲས་ཡིན་པ། མེའོ་ཆོས་འཕེལ་གླིང་བོད་མིའི་གཞིས་ཆགས་སུ་ཕྱི་ཚེས་༢༥ཉིན་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་སྐབས། ས་གནས་འགོ་འཛིན་གཙོས་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ། དེ་བཞིན་མི་མང་དང་སློབ་ཕྲུག་བཅས་ནས་སྣེ་ལེན་ཞུས་འདུག སྐབས་དེར་ས་གནས་འགོ་འཛིན་མཆོག་གིས་སྤྱི་ཁྱབ་བློན་ཆེན་མཆོག་ལ་རྒྱ་གར་དབུས་གཞུང་དང་མངའ་སྡེ་གཞུང་དམངས་གཉིས་ནས་བོད་མིར་ད་བར་མཐུན་འགྱུར་རོགས་རམ་དང་རྒྱབ་སྐྱོར་གནང་བ་ལ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། གཞིས་ཆགས་ནང་གི་བོད་མིའི་དཀའ་ངལ་དང་འབྲེལ་བའི་གནད་དོན་ཐོག་རོགས་རམ་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་པར་བློན་ཆེན་མཆོག་ནས་ཀྱང་བོད་མིར་རོགས་རམ་གནང་རྒྱུའི་ཁས་ལེན་གནང་ཡོད་པ་ས་གནས་འགོ་འཛིན་བསྟན་འཛིན་མཆོག་ལྡན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་སོང་།
སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས། མེའོ་ཆོས་འཕེལ་གླིང་བོད་མིའི་གཞིས་ཆགས་ནང་འཚམས་གཟིགས་སུ་ཕེབས་པ་ད་རེས་ཐོག་མ་དེ་ཆགས་ཀྱི་ཡོད་པ་དང་། བློན་ཆེན་མཆོག་གཞིས་ཆགས་ནང་ཕེབས་མ་ཐག་གཞིས་ཆགས་ནང་གི་པདྨ་ཆོས་གླིང་དགོན་པར་ཆོས་མཇལ་ཞུས་འདུག སྐབས་དེར་ཁོང་གིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མདུན་སྐུ་ཕྱག་དང་མཉམ་མར་མེ་ཞལ་ཕྱེ་གནང་ཡོད་པ་དང་། དེ་ནས་ཁོང་གིས་བོད་མིའི་གཞིས་ཆགས་ཀྱི་མཉམ་འབྲེལ་ལས་ཁང་གི་ཁྱབ་ཁོངས་རུམ་འཐག་དང་ཚོང་འབྲེལ་སྡེ་ཚན། དེ་བཞིན་ས་གནས་འཕྲོད་བསྟེན་སྨན་ཁང་བཅས་སུ་འཚམས་གཟིགས་གནང་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་མཐུན་འགྱུར་འོག་གཞིས་ཆགས་ནང་ལག་རྩེད་སྤོ་ལོ་རྩེད་ཐང་གསར་རྒྱག་ལེགས་གྲུབ་བྱུང་བ་དེ་ཡང་དབུ་འབྱེད་གནང་འདུག
འཚམས་གཟིགས་རྗེས། སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་ཀྱིས་མེའོ་ཆོས་འཕེལ་གླིང་བོད་མིའི་གཞིས་ཆགས་སུ་འཚམས་གཟིགས་སྤྲོ་བོ་བྱུང་ཡོད་པ་ཁོང་གི་ངོ་དེབ་དང་ཊུའི་ཊར་དྲ་ལམ་དུ་པར་དང་བཅས་སྤེལ་ཡོད་པ་རེད།
མེའོ་ཆོས་འཕེལ་གླིང་དུ་ལག་རྩེད་སྤོ་ལོ་རྩེད་ཐང་བཟོ་བསྐྲུན་ཆེད་དུ་ཁྱོན་ཧིན་སྒོར་འབུམ་བཅུ་ཕྱིན་ཡོད་པ་དང་། ལས་གཞི་དེ་བཞིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལྷན་ཁང་ནས་བོད་པའི་གཞོན་སྐྱེས་དང་མི་མང་ཡོངས་ཀྱི་འཕྲོད་བསྟེན་དང་སེམས་ཁམས་ཐོག་དགེ་ཕན་ཆེད་བསྐྲུན་པ་ཡིན་འདུག

pema-khando1.JPG

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎