རྗེ་བཙུན་སྒྲོལ་མའི་འཇིམ་སྐུ་བཞེངས་བསྐྲུན།
2011.12.08
༄༅༎བོད་རིགས་སྐལ་བཟང་ཨོ་ཤི་ཞུ་བ་ཞིག་གིས་ཨ་རིའི་ཀེལ་ཕོ་ཎི་ཡའི་མངའ་སྡེའི་ནང་ཡོད་པའི་ཀུན་མཁྱེན་ཡེ་ཤེས་གླིང་དགོན་པའི་ནང་རྗེ་བཙུན་སྒྲོལ་མའི་འཇིམ་སྐུ་ཆེན་པོ་ཞིག་བཞེངས་བཞིན་པའི་གནས་ཚུལ་འདུག། དེ་ཡང་མངའ་སྡེ་དེའི་པོ་མོ་ན་ཞེས་པའི་ས་ཁུལ་དུ་ཡོད་པའི་ ཀུན་མཁྱེན་ཡེ་ཤེས་གླིང་ཞེས་པའི་ནང་པའི་དགོན་པ་དེའི་ནང་ སྐལ་བཟང་ལགས་ཀྱིས་ཟླ་བ་གཉིས་ཙམ་རིང་སྐུ་ངལ་བསྐྱོན་ནས་རྗེ་བཙུན་སྒྲོལ་མའི་སྐུ་དེ་བཞེངས་གནང་ཡོད་པ་དང་ ཁོང་ནི་འཇིམ་སྐུ་བཞེངས་ཡག་དང་ སྐུ་ཐང་བཞེངས་ཡག་ཐོག་མཁས་པ་ཞིག་ཡིན་པ་དང་ ཁོང་གིས་དེ་སྔོན་ཨ་རིའི་ཤེས་ཡོན་བསྟི་གནས་ཁག་དང་སི་མིཐ་སོ་ནིཡེན་འགྲེམས་སྟོན་ཁང་སོགས་སུ་འཇིམ་སྐུ་དེ་འདྲ་བཞེངས་མྱོང་ཡོད་འདུག།
ཕྱི་ལོ་༡༩༩༣ལོར་ཁོང་གིས་རྒྱ་གར་བྱང་ཕྱོགས་ཀྱི་དགོན་པ་ཞིག་ནང་སྐུ་ཚད་ཕི་ཀྲི་༡༢ཅན་ཀྱི་རྗེ་བཙུན་སྒྲོལ་མའི་སྐུ་ཐང་ཞིག་བཞེངས་གནང་ཡོད་ལུགས་དགེ་བཤེས་བསྟན་འཛིན་ཤེས་རབ་ཞུ་བས་གསུང་བཞག། སྐལ་བཟང་ལགས་ཀྱིས་རང་གི་པ་ལགས་དྲུང་ནས་འཇིམ་སྐུ་བཞེངས་ཡག་ཀྱི་ལག་རྩལ་སྦྱང་གནང་ཡོད་འདུག། སྐལ་བཟང་ལགས་ཀྱིས་བཞེངས་བཞིན་པའི་ ཕི་ཀྲི་གསུམ་དང་ཨིན་ཇི་༣་ཡོད་པའི་རྗེ་བཙུན་སྒྲོལ་མའི་འཇིམ་སྐུ་དེའི་ནང་རྩ་ཆེའི་ཟུངས་བཞུགས་མང་པོ་ཞིག་འབུལ་རྒྱུ་ཡིན་པ་དང་ འཇིམ་སྐུ་དེ་ནི་དུས་རབས་༡༤པའི་ནང་རྒྱལ་བ་སྐུ་ཕྲེང་དང་པོའི་སྐབས་ བཞེངས་པའི་རྗེ་བཙུན་སྒྲོལ་མའི་སྐུ་བརྙན་གྱི་འདྲ་བཤུས་ཞིག་ཡིན་པ་དང་ འཇིམ་སྐུ་དེ་བཞིན་ཕལ་ཆེར་བཞེངས་གྲུབ་ལུགས་དགེ་བཤེས་བསྟན་འཛིན་ཤེས་རབ་ལགས་ཀྱིས་གསུང་བཞག། བདུན་ཕྲག་འདིའི་རེས་གཟའ་སྤེན་པ་དང་ཉིན་མའི་ཉིན་ སྐལ་བཟང་ཨོ་ཤི་ལགས་ཀྱིས་མང་ཚོགས་ལ་འཇིམ་སྐུ་བཞེངས་སྟངས་དང་ དེའི་ཕན་ཡོན་སོགས་ཀྱི་ཟབ་སྦྱོང་ཞིག་གནང་རྒྱུ་ཡིན་འདུག་།