བོད་ནང་གཙོད་ཀྱི་གྲངས་འབོར་འཕེལ་རྒྱས་ཕྱིན་ཡོད་པ།
2011.01.23
༄༅༎རྒྱ་ནག་གཞུང་གིས། བོད་ཀྱི་ནང་དུ་བར་སྐབས་ཤིག་རིང་གཙོད་སོགས་རི་དྭགས་ཁག་ཅིག་སྟོང་ལ་ཉེན་བའི་ཛ་དྲག་གི་གནས་སྟངས་བྱུང་ཡོད་ཀྱང་ད་ཆ་གཙོད་ཀྱི་གྲངས་འབོར་འཕེལ་རྒྱས་ཕྱིན་ཏེ། འབུམ་གཉིས་ཟིན་ཡོད་པའི་སྐོར་བཤད་ཡོད་པ་རེད།
དེ་ཡང་བོད་ས་མཐོའི་ནགས་ཚལ་ལ་ཞིབ་འཇུག་བྱེད་མཁན་རྒྱ་ནག་གི་ཆེད་ལས་མི་སྣ་ལིའུ་ལྦུ་ལིན་གྱིས་ཕྱི་ཟླ་དང་པོའི་ཚེས་༢༡ཉིན་བཤད་དོན་ལ། ཁོང་ཚོས་རི་དྭགས་སྟོང་ལ་ཉེ་བའི་གྲངས་འབོར་ཕྱི་ལོ་༢༠༠༦ལོར་ཞིབ་འཇུག་བྱས་པར་གཞིགས་ན། ལོ་རེར་སྤྱི་ཡོངས་ཀྱི་སེམས་ཅན་གཙོད་ཀྱི་འཕེལ་ཚད་བརྒྱ་ཆ་བདུན་ཙམ་བྱུང་ཡོད་པ་དང༌། ༢༠༠༦ལོར་ཁོང་གི་ཞིབ་འཇུག་རུ་ཁག་ལ་བོད་ས་མཐོའི་ས་ཁྱོན་ཀི་ལོ་མི་ཊར་གྲུ་བཞི་མ་བདུན་འབུམ་ཆིག་ཁྲིའི་ཐོག་ནས་གཙོད་ཁྱོན་ཆིག་འབུམ་ལྔ་ཁྲི་རྙེད་སོན་བྱུང་བའི་གནས་ཚུལ་ངོ་སྤྲོད་བྱས་ཡོད་པ་རེད། བོད་ས་མཐོའི་ཁུལ་དུ་དེ་སྔ་ཡིན་ན་བོད་ཀྱི་གཙོད་ས་ཡ་མང་པོ་ཡོད་པ་དང༌། ཡིན་ནའང་ཉེ་བའི་མི་ལོ་བཅུ་ཕྲག་འགའ་ཤས་དེ་རིང་ལ་རི་དྭགས་རྒྱབ་དྲག་པ་དང། ཚོང་པས་ཁེ་ཕན་ཡོང་ཐབས་ཀྱི་ཧམ་སེམས་བྱེད་དྲག་པའི་རྐྱེན་གྱིས་གཙོད་ནི་རི་དྭགས་སྟོང་ལ་ཉེ་བའི་གྲས་སུ་གྱུར་ཡོད་པ་མ་ཟད། རྒྱལ་སྤྱིའི་ནག་ཚོང་རྒྱབ་མཁན་ཚོས་གཙོད་རི་དྭགས་རྒྱབ་སྟེ་གཙོད་ཀྱི་ཁུ་ལུས་སྟོད་གོས་སོགས་རྒྱས་སྤྲོད་ལྡན་པའི་གོས་རྒྱན་སྣ་ཚོགས་བཟོས་ཏེ་ཚོང་འགྲེམས་བྱས་པ་དང༌། གཙོད་ཀྱི་ཁུ་ལུའི་སྟོད་གོས་ཤིག་བཟོས་པར་ཉུང་མཐར་གཙོད་གསུམ་ནས་ལྔ་བར་གསོད་དགོས་ཀྱི་ཡོད་པ་རེད། ༡༩༧༩ནས་བོད་ཀྱི་གཙོད་ནི་སེམས་ཅན་རྩ་སྟོང་འགྲོ་བའི་གྲས་སུ་ངོས་འཛིན་གནང་སྟེ། རྒྱལ་སྤྱིའི་སྲུང་སྐྱོབ་ཀྱི་གྲས་སུ་ཚུད་ཡོད་པ་རེད།
བོད་ཀྱི་རི་དྭགས་གཙོད་ནི། མང་ཆེ་བ་བོད་དང༌། མཚོ་སྔོན། དེ་བཞིན་ཤིང་ཅང་གི་ནུབ་རྒྱུད་དུ་མཐོང་རྒྱུ་ཡོད་པ་དང་། དེའི་ནང་ནས་བརྒྱ་ཆ་༨༠ནི་བོད་ཀྱི་བྱང་རྒྱུད་དུ་གནས་ཀྱི་ཡོད་པ་རེད།།