བོད་མི་ཚོས་མཉམ་འབྲེལ་རྒྱལ་ཚོཊ་ཀྱི་མདུན་ཐང་དུ་ངོ་རྒོལ།
2009.09.24
༄༅༎ཁ་ས་ཚེས་ཉི་ཤུ་རྩ་གསུམ་རེས་གཟའ་ལྷག་པའི་ཉིན།ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱེད་པའི་མཉམ་འབྲེལ་རྒྱལ་ཚོགས་ནང་།སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་།འཛམ་གླིང་ཚ་དྲོད་རྒྱས་པའི་གནད་དོན་ལ་གདོང་ལེན་གནང་ཕྱོགས་སྐོར།རྒྱལ་ཁབ་བརྒྱ་སྐོར་ལྷག་གི་དབུ་ཁྲིད་ཚོས་ལྷན་ཚོགས་གནང་ཡོད་པ་དང༌།རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཏའོ་ཡང་ཚོགས་བཅར་ཞུས་ཡོད་པ་རེད།
ཨ་རིའི་ཨེན་སྦི་སི་བརྙན་འཕྲིན་ལས་ཁང་གི་གནས་ཚུལ་ནང་བཀོད་པར་གཞིགས་ན།མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཁོར་ཡུག་ལྷན་ཚོགས་འདིའི་ཐོག་རྒྱལ་ཚོགས་ཀྱི་ཕྱི་ལ་ཚོགས་པ་དང་།མི་རིགས་འདྲ་མིན་སྣ་ཚོགས་ཀྱིས་རྒྱལ་ཁབ་ཁག་གི་དབུ་ཁྲིད་ཁག་ལ་དགའ་བསུ་དང་།ཡང་ན་དོན་འབྲས་ལྡན་པའི་འཁོར་ཡུག་སྲུང་སྐྱོབ་ཡོང་ཕྱིར་ཤུགས་གནོན་དང་།སྐུལ་ལྕགས་ཀྱི་ལས་འགུལ་སྣ་མང་སྤེལ་བཞིན་ཡོད་རུང༌།ཁ་ས་རྒྱལ་ཚོགས་ཀྱི་མདུན་ཐང་དུ།ས་གནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་བརྒྱ་ཕྲག་ལྷག་གིས་འདུ་འཛོམས་ཐོག་མཉམ་འབྲེལ་རྒྱལ་ཚོགས་འདི་བཞིན་རྒྱལ་སྤྱིའི་སྒྲིག་འཛུགས་ཤིག་ཡིན་པའི་ཆ་ནས།བོད་མི་རིགས་ཀྱི་རང་དབང་དང་ཐོབ་ཐང་སྲུང་སྐྱོབ་དགོས་པའི་སྐོར་དྲན་སྐུལ་དང་ཆབས་ཅིག་རྒྱ་ནག་གི་སྲིད་འཛིན་མཆོག་ལ་ངོ་རྒོལ་གྱི་རྣམ་པ་མཚོན་པའི་ལས་འགུལ་རྒྱ་ཆེ་སྤེལ་ཡོད་པ་རེད།
ལས་འགུལ་ནང་མཉམ་ཞུགས་གནང་མཁན་ཨ་རིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་བསོད་ནམས་དབང་འདུས་ལགས་ཀྱིས།མཉམ་འབྲེལ་རྒྱལ་ཚོགས་འདི་བཞིན་རྒྱལ་སྤྱིའི་བཀའ་རྙོག་སེལ་སའི་གླེང་སྟེགས་ཤིག་ཡིན་ཡང༌།བོད་ནང་རྒྱ་ནག་གི་དྲག་གནོན་འོག་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་མུ་མཐུད་བཏང་བའི་བྱ་སྤྱོད་དང་།གཞི་རྩའི་བོད་ཀྱི་དཀའ་རྙོག་སེལ་རྒྱུར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཐེ་གཏོགས་གང་ཡང་མ་བྱས་པའི་རྐྱེན་རྒྱལ་ཚོགས་ཀྱི་ལས་འགན་འཐུས་ཚང་གྲུབ་ཀྱི་མེད་པའི་སྐོར།ཨ་རིའི་ཨེན་སྦི་སི་བརྙན་འཕྲིན་ལས་ཁང་ལ་འགྲེལ་བརྗོད་གནང་འདུག
ཡང་ལས་འགུལ་ནང་མཉམ་ཞུགས་གནང་མཁན་བུད་མེད་པདྨ་ཆོས་སྒྲོན་ཞུ་བས།གོང་གསལ་ཨ་རིའི་བརྙན་འཕྲིན་ལས་ཁང་ལ་།ད་ལྟའི་བོད་ནང་གི་གནས་སྟངས་ངོ་སྤྲོད་བྱས་པའི་ནང་།སྔ་ལོ་བོད་ནང་གི་བོད་མིའི་ཞི་རྒོལ་ཆེན་མོའི་སྐབས་ཁོང་གི་ངོ་ཤེས་སྤུན་གྲོགས་ཁག་ཅིག་རྒྱ་ནག་གཞུང་གིས་དོ་དམ་འཛིན་བཟུང་བྱས་པའི་རྗེས་གར་ཡོད་ཀྱི་གནས་ཚུལ་ད་ལྟའང་ཤེས་རྟོགས་གང་ཡང་མེད་པའི་སྐོར་གསུངས་འདུག
ལྷག་པར་དུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ནང་མཉམ་ཞུགས་གནང་བའི་བོད་མི་ཚོས།བོད་ཀྱི་གནད་དོན་དེ་འགྲོ་བ་མིའི་ཐོབ་ཐང་དང་མི་རིགས་ཀྱི་འཐབ་རྩོད་ཙམ་མིན་པར།འཁོར་ཡུག་སྲུང་སྐྱོབ་ཀྱི་ཐད་ནས་ཀྱང་ས་མཐོའི་བོད་ཀྱི་ཆགས་བབས་དང་།རང་བྱུང་ཐོན་ཁུངས་ལ་བརྟེན་ནས་རྒྱལ་སྤྱིའི་ཐོག་གནད་འགག་ཤིན་ཏུ་ཆེ་བའི་གནད་དོན་ཞིག་ཡིན་པར་འགྲེལ་བརྗོད་གནང་ཡོད་པ་རེད༎