རྒྱ་གཞུང་གིས་ས་མཚམས་བོད་མི་ཚོར་བཙན་བཀའ་བཏང་བ།
2011.12.26
༄༅༎བོད་ཀྱི་ས་མཚམས་སུ་གནས་སྡོད་བོད་མི་རྣམས་ལ་དུས་འཁོར་དབང་ཆེན་ཞུ་བར་བཅར་མི་ཆོག་པའི་བཙན་བཀའ་བཏང་ཡོད་པའི་གནས་ཚུལ་འདུག
བལ་ཡུལ་ནང་ཡོད་པའི་འདི་གའི་ཨ་མདོའི་སྐད་གདངས་ཀྱི་གསར་འགོད་པ་ཀླུ་འབུམ་བཀྲིས་ལགས་སུ་འབྲེལ་ཡོད་མི་སྣ་ཞིག་ནས་ངོ་སྤྲོད་བྱེད་པར་ལྟར་ན། བོད་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བསྩལ་གནང་གི་ཡོད་པའི་དུས་ཚོད་དང་བསྟུན་ནས་བོད་མི་མང་པོ་ཞིག་ལུགས་མཐུན་ལག་འཁྱེར་ཞུས་པ་དང་། ཡང་ན་ཐབས་ཤེས་འདྲ་མིན་གྱི་ཐོག་ནས་ཡོང་གི་ཡོད་ཀྱང་བོད་རང་སྐྱོང་ལྗོངས་ཀྱི་ས་གནས་གཞིས་ཀ་རྩེ་དང་གཞན་ཡང་ས་གནས་ལུང་ཁུག་ཁག་ཅིག་ནས་ལག་འཁྱེར་ཡོད་པ་དེ་ཚོར་ཡང་དུས་འཁོར་དབང་ཆེན་ཞུ་བར་བཅར་ཆོག་གི་མེད་ལུགས་གསལ་པོ་བཀའ་བཏང་ཡོད་འདུག་ལ་ཁག་ཅིག་དུས་ཚོད་རྒྱས་བཅད་ནང་ལོག་མ་ཡོང་བ་ཡིན་ན་མཇུག་འབྲས་ངན་པ་ཡོང་རྒྱུའི་ཉེན་བརྡ་བཏང་བ་སོགས་ཀྱིས་བོད་མི་ཁག་ཅིག་མི་འདོད་བཞིན་དུ་ཕྱིར་ལོག་བྱེད་དགོས་བྱུང་ཡོད་པའི་གནས་ཚུལ་འདུག།