རྒྱ་ནག་གཞུང་གིས་སློབ་ཕྲུག་ཚོའི་དགུན་ཁའི་གུང་གསེང་རིང་བསམ་བློ་སྦྱོང་བརྡར་སོགས་ཀྱི་མིང་ཐོག་ནས་ཟབ་སྦྱོང་སློབ་ཁྲིད་མི་ཆོག་པ་བརྡ་ཐོ་ཞིག་བཏང་འདུག

ཉིན་ཤས་སྔོན་རྒྱ་ནག་དབུས་སློབ་གསོ་ལས་ཁུངས་ཟེར་བས། རྒྱལ་ཡོངས་སློབ་གྲྭ་ཁག་གི་དགུན་ཁའི་གུང་གསེང་དང་བསྟུན། གཞུང་འབྲེལ་གོ་སྒྲིག་མ་ཡིན་པའི་བསམ་བློ་སྦྱོང་བརྡར་གྱི་མིང་ཐོག་ནས་གང་བྱུང་ཟབ་སྦྱོང་སློབ་ཁྲིད་མི་ཆོག་པ་དང་། གུང་སེང་རིང་གཞུང་གི་སློབ་གསོའི་སྒྲིག་གཞི་དང་འགལ་བའི་འཛིན་གྲྭ་ཚོགས་པ་དང། བྱིས་པ་ལོ་གསུམ་ནས་དྲུག་བར་གྱི་སློབ་མར་གཞུང་གི་བཀོད་སྒྲིག་ལས་འགལ་བའི་སློབ་ཚན་དང་ཕྱི་སྐད་སོགས་ཁྲིད་མི་ཆོག་སོགས་ཀྱི་བརྡ་ཐོ་བཏང་འདུག་པ་དང་། གོང་ཞུས་རྒྱ་ནག་གཞུང་གི་བརྡ་ཐོ་དེའི་རྒྱབ་ལྗོངས་ཀྱི་དམིགས་ཡུལ་ནི་དགུན་ཁའི་གུང་སེང་སྐབས་སུ་སློབ་ཕྲུག་ཚོར་རྒྱ་ནག་དམར་ཤོག་ཚོགས་པའི་ལྟ་སྤྱོད་དང་མ་མཐུན་པའི་སློབ་གསོའི་རིགས་སློབ་ཁྲིད་དང་ཁྱབ་སྤེལ་ཡོང་རྒྱུར་བཀག་འགོག་བྱེད་རྒྱུའི་ཆེད་དུ་དམིགས་པ་ཞིག་ཡིན་པ་བོད་མིའི་སྒྲིག་འཛུགས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་བོད་ནང་ཤེས་ཡོན་ཉམས་ཞིབ་པ་ཀརྨ་བསྟན་འཛིན་ལགས་ནས་འགྲེལ་བརྗོད་གནང་བྱུང་།
ད་ལྟའི་ཆར་བོད་ཚུད་པའི་རྒྱ་ནག་ནང་སློབ་གྲྭ་ཁག་ཚང་མ་སྔར་ལོའི་ཕྱི་ཟླ་༡༢ཟླ་མཇུག་ནས་དགུན་ཁའི་གུང་གསེང་བཏང་སྟེ་དུས་ཡུན་ཟླ་གསུམ་ཙམ་རིང་གུང་གསེང་ཡིན་པ་དང་། དུས་སྐབས་དེར་བོད་ནང་ལྟ་བུར་མཚོན་ན་་སློབ་གྲྭ་ཁག་གི་དགུན་དུས་གུང་གསེང་དང་བསྟུན། དགེ་རྒན་དང་ཤེས་ཡོན་པ་སོགས་ནས་ཟབ་སྦྱོང་འདྲ་མིན་རིགས་ཚོགས་མཁན་མང་པོ་ཡོང་གི་ཡོད་ན་ཡང་། དེ་ལས་ལྡོག་སྟེ་རྒྱ་ནག་གཞུང་གི་བོད་ཡིག་དང་འབྲེལ་བའི་ཟབ་ཁྲིད་གནང་མཁན་ཚོར་དམ་དྲག་ནན་པོ་གནང་གི་ཡོད་ལ། དཔེར་ན། དེ་སྔོན་༢༠༢༡ལོར་་བོད་མཚོ་སྔོན་ཕྱོགས་སུ་དགུན་ཁའི་གུང་གསེང་རིང་། སློབ་ཕྲུག་ཚོར་དམིགས་བསལ་བོད་ཡིག་གསབ་སྦྱོང་རིགས་ཚོགས་མི་ཆོག་པ་དང་། བོད་ཡིག་གཅིག་པུ་ཙམ་ལས་ལོ་རེ་བཞིན་སློབ་ཚན་ཚང་མ་རྒྱ་ཡིག་ལ་བསྒྱུར་བཞིན་ཡོད་པ་སོགས་ཀྱི་གནས་སུ་གྱུར་ཡོད་པ། ཉེ་སྔོན་ཕྱི་ཟླ་༡༡ནང་བོད་ནང་གི་འབྲེལ་ཡོད་བོད་མི་ཞིག་གིས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད་པ་མ་ཟད།
ད་རེས་རྒྱ་ནག་གཞུང་གི་བརྡ་ཐོ་དེའི་ནང་མཇུག་ཏུ་དགུན་ཁའི་གུང་གསེང་རིང་གཞུང་ངོས་ནས་སློབ་མའི་ཁྱིམ་བདག་ལ་ལྟ་རྟོག་དང་། སློབ་ཕྲུག་མང་པོ་མཉམ་འདུས་ཀྱི་ཟབ་སྦྱོང་ཚོགས་རྒྱུའི་རིགས་གཏན་འགོག་ནན་པོ་བྱེད་དགོས་པ་སོགས་འཁོད་འདུག་ཅིང་། བཞུགས་སྒར་རྡ་རམ་ས་ལར་ཆགས་པའི་བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ཀྱིས།བོད་ནང་ལྟ་བུར་མཚོན་ན། དགུན་ཁའི་གུང་གསེང་སྐབས། བྱིས་པ་ཚོར་ཕ་མ་དང་ནང་མི་ཚོས་བོད་པ་རང་གི་སྐད་ཡིག་དང་རིག་གནས་སོགས་ཁྲིད་རྒྱུའི་གོ་སྐབས་ཡག་ཤོས་ཤིག་ཡིན་ན་ཡང་། རྒྱ་ནག་གཞུང་གིས་དེར་དམ་དྲག་གིས། རྒྱ་སྒྱུར་སློབ་གསོ་ལག་བསྟར་བྱེད་པའི་ཐོག་བོད་ཕྲུག་ཚོ་ནམ་རྒྱུན་རྒྱ་ནག་གཞུང་གིས་བཤད་བསྡད་པའི་ཏང་ལ་ཤ་ཞེན་ཅན་ཟེར་བར་སྒྱུར་ཐབས་ཤིག་ཡིན་པ་འགྲེལ་བརྗོད་གནང་བྱུང་།
ཡང་སྔར་ལོའི་སྤྱི་ཟླ་༩་བའི་ནང་རྒྱ་ནག་སློབ་གསོ་ལས་ཁུངས་ཟེར་བས་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་བའི་ནང་། གྲངས་ཉུང་མི་རིགས་ས་ཁུལ་དང་གྲོང་གསེབ་ས་ཁུལ་གྱི་བྱིས་པ་རྣམས་ལ་རྒྱ་སྐད་རྒྱ་ཡིག་སློབ་ཁྲིད་ཀྱིས་ཆུང་དུས་ནས་རྒྱའི་སྐད་ཡིག་གི་བག་ཆགས་ཟབ་མོ་འཇོག་ཐབས་དགོས་སྐོར་བརྗོད་ཡོད་པ་རེད།གཞན་ཡང་རྒྱ་ནག་གཞུང་གིས་བོད་རིགས་ས་ཁུལ་གྱི་སློབ་གྲྭ་ཁག་ནང་བོད་སྐད་ཡིག་སློབ་ཁྲིད་ཇེ་ཉུང་དང་བོད་ཡིག་སློབ་ཁྲིད་བྱེད་སའི་སློབ་གྲྭ་ཁག་སྒོ་བརྒྱབ་བཅུག་པ་མ་ཟད། སྐད་ཡིག་རང་དབང་དང་འབྲེལ་བའི་སྐད་ཆ་བཤད་མཁན་བོད་མི་ཚོ་རྒྱ་ནག་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་དང་བྱེད་མུས་ཡིན་ཞིང་། དཔེར་ན། ༢༠༢༡ལོའི་སྤྱི་ཟླ་༨་ཚེས་༢༤་ཉིན་རྔ་བ་ཕྱོགས་ནས་བོད་རིགས་ན་གཞོན་སློབ་མ་ཤེས་རབ་རྡོ་རྗེ་ཡིས་རྒྱ་ནག་གཞུང་གིས་ཡུལ་ཕྱོགས་དེར་རྒྱ་ཡིག་གཙོ་ཁྲིད་སློབ་གསོའི་ཚོགས་འདུ་ལ་མ་བཅར་བས་འཛིན་བཟུང་དང་། མགོ་ལོག་དར་ལོག་རྫོང་ནས་བོད་མི་གཞོན་སྐྱེས་མགུལ་གྲགས་དང་དབྱངས་རིས་གཉིས་ནས་རྒྱ་སྒྱུར་སློབ་གསོར་ངོ་རྒོལ་བྱས་རྐྱེན་འཛིན་བཟུང་བཀག་ཉར་སོགས་བྱས་པ་མ་ཟད། བོད་རིགས་དགེ་རྒན་རིན་ཆེན་སྐྱིད་འཛིན་བཟུང་གིས་ད་དུང་གར་སོང་ཆ་མེད་དུ་གྱུར་བ་སོགས་ཀྱི་གནས་ཚུལ་བྱུང་ཡོད་པ་རེད།
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།