རྒྱ་ནག་གི་ཉེན་རྟོག་པས་བོད་རིགས་གཞོན་སྐྱེས་གསུམ་འཛིན་བཟུང་དང་གཅར་རྡུང་།
མཚོ་སྔོན་ཞིང་ཆེན་སྐྱེ་དགུ་མདོ་ཁྲི་འདུ་རྫོང་ཁོངས་སུ། བོད་རིགས་གཞོན་ནུ་གསུམ་གྱིས་སྐད་འཕྲིན་(WeChat)ཚོགས་པ་ས་གནས་གཞུང་ལ་དེབ་སྐྱེལ་མ་བྱས་པའི་ཉེས་མིང་འོག་འཛིན་བཟུང་གིས། ཉེས་རྡུང་དྲག་པོ་བཏང་སྟེ་བོད་རིགས་གཞོན་ནུ་གཅིག་གི་རྐང་པ་གཉིས་ཀ་བཅགས་རྗེས། ད་ལྟ་ཟི་ལིང་གི་སྨན་ཁང་དུ་ལྷག་ཡོད་པ་དེར་གཉེན་ཉེ་ཚོ་དང་བོད་མི་མང་ཚོགས་མང་པོས་དཔལ་འབྱོར་གྱི་རོགས་རམ་བྱེད་བཞིན་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། རྐང་པ་བཅགས་པའི་བོད་མི་གཞོན་ནུ་དེའི་ཨ་མའི་སར་སྡེ་པའི་མི་དམངས་ཡོང་ནས་ཁོང་ཚོས་དངས་བླངས་ཀྱི་ཐོག་ནས་དངུལ་བསྡུ་རུབ་བྱས་པ་ཁག་ཨ་མའི་ལག་ཏུ་སྤྲད་འདུག
ཁོང་ཚོས་རྫ་རི་དཀར་མོའི་དགོང་ཚོགས་ཟེར་བའི་སྐད་འཕྲིན་ཚོགས་པ་ཞིག་བཙུགས་ཤིང་། དེའི་ཚོགས་གཙོ་ཀན་སྲི་དང་མཐོ་རིམ་སློབ་མ་སངས་རྒྱས་མཚོ། དགྲ་འདུལ་གསུམ་ནི་ཡུལ་ཤུལ་ཁྲི་འདུ་རྫོང་སྡོམ་མདའ་ཡུལ་ཚོའི་རྫ་དམར་རུ་ཁག་སོ་རུང་ལུང་པ་ཟེར་བའི་ས་ཁུལ་ནས་ཡིན་འདུག
དགྲ་འདུལ་ནི་ཁྱིམ་ཚང་ནང་ཕྲུ་གུ་གཉིས་ཡོད་པའི་ནང་ནས་ཆེ་ཤོས་དེ་ཡིན་པ་དང་། སྤུན་ཆུང་བ་བོུ་ཞིག་ཀྱང་ཡོད་འདུག་ཅིང་། ཁོང་ཚོ་གསུམ་པོ་སྡོམ་མདའ་ནས་འཇུ་བཟུང་གིས་སྐྱེ་དགུ་མདོའི་བཀག་ཉར་ཁང་དུ་ཁྲིད་པ་ཨེ་ཤེ་རང་དབང་རླུང་འཕྲིན་ཁང་ལ་བཙན་བྱོལ་ནང་ཡོད་པའི་གནས་ཚུལ་མཁོ་སྤྲོད་ཞིག་གིས་འགྲེལ་བརྗོད་གནང་བྱུང་།
ཁོང་གསུམ་ཉེ་སྔོན་ཕྱི་ཟླ་༢ཚེས་༡༧ཉིན་དོ་དམ་འཛིན་བཟུང་བྱས་པའི་གནས་ཚུལ་ཐོག་མར་བོད་ཀྱི་དུས་བབ་ཀྱིས་བཏོན་ཞིང་། ཡང་ཕྱི་ཟླ་ ༢ ཚེས་༣ ཉིན་དབྱིན་ཡུལ་ཡོད་པའི་བོད་རང་དབང་ལས་འགུལ་ཁང་གིས་གནས་ཚུལ་ཞིག་བཏོན་འདུག་པ་དེའི་ནང་། ཉིན་ཤས་སྔོན་ཉེན་རྟོག་པས་དགྲ་འདུལ་ལགས་ཀྱི་ནང་མིར་འབྲེལ་བ་བྱས་ཏེ། ཁོང་ལ་གཤག་བཅོས་ཤིག་བྱེད་དགོས་ལུགས་བརྗོད་དེ་མི་གཉིས་ལས་མི་མང་བ་ཞིག་ནས་རྒྱ་སྒོར་ཁྲི་ ༤ འཁྱེར་ནས་སྨན་ཁང་དུ་ཡོང་དགོས་པ་དང་གནས་ཚུལ་གཞན་སུ་ལའང་བཤད་མི་ཆོག་པའི་བཀའ་རྒྱ་ཡང་བཏང་ཡོད་འདུག
ཁོང་གསུམ་འཛིན་བཟུང་བྱས་པའི་རྒྱུ་མཚན་གཙོ་བོ་ནི། ས་གནས་རྒྱ་ནག་གཞུང་འབྲེལ་གྱི་ལས་ཁུངས་ལ་བཀའ་ཁྲོལ་མ་ཞུས་པའི་ཐོག་ནས་རྫ་རི་དཀར་མོའི་དགོང་ཚོགས་ཟེར་བའི་སྐད་འཕྲིན་གྱི་ཚོགས་པ་དེ་བཙུགས་པས་ཡིན་སྐོར་གནས་ཚུལ་ཐོན་ཡོད་ན་ཡང་། རྒྱ་ནག་གཞུང་འབྲེལ་གྱི་ཐོག་ནས་འདིའི་ཐད་ཞིབ་ཕྲ་གང་ཡང་འགྲེལ་བརྗོད་བྱས་མེད་པ་རེད།
ཁོང་གསུམ་ཕྱི་ཟླ་ ༢ ཚེས་ ༢༧ ཉིན་འཇུ་བཟུང་བྱས་རྗེས་ཁོང་ཚོའི་གནས་སྟངས་ཤེས་རྟོགས་མེད་པར་ལྷག་ཡོད་སྐབས། གློ་བུར་དུ་དགྲ་འདུལ་ལ་གཤག་བཅོས་བྱེད་དགོས་ལུགས་ཀྱི་གོང་གསལ་བརྡ་ཁྱབ་དེ་ཁོང་གི་ནང་མིར་འབྱོར་ཡོད་འདུག རྗ་རི་དཀར་མོའི་དགོང་ཚོགས་ཅེས་པའི་སྐད་འཕྲིན་ཚོགས་པ་དེ་བཞིན་ཉེ་སྔོན་བོད་ཀྱི་ལོ་གསར་སྲུང་བརྩི་ཞུ་ཆེད་གསར་འཛུགས་བྱས་པ་ཞིག་རེད་འདུག་ལ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ལ་བཙན་བྱོལ་དུ་ཡོད་པའི་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས་གསུངས་ན། ཚོགས་པ་དེའི་ཚོགས་མི་ཁོངས་སུ་མི་༢༤༠ ཙམ་ཡོད་འདུག ཡང་དབྱིན་ཡུལ་དུ་ཡོད་པའི་བོད་རང་དབང་ལས་འགུལ་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཕྱི་ཟླ་ ༢ ཚེས་ ༡༢ ནས་ ༡༤ བོད་ཀྱི་ལོ་གསར་དུས་ཡུན་རིང་སྐད་འཕྲིན་དེ་སྒོ་ཕྱེ་ཡོད་འདུག
བོད་རང་དབང་ལས་འགུལ་ཁང་གི་ལས་འགུལ་འགན་འཛིན་(John Jones)་ལགས་ཀྱིས། གོང་གསལ་བོད་རིགས་གཞོན་ནུ་གསུམ་གྱི་གཞི་རྩའི་སྨྲ་བརྗོད་ཀྱི་རང་དབང་ལོངས་སུ་སྤྱད་པ་ཙམ་གྱི་རྒྱ་ནག་གཞུང་ནས་ཁོང་རྣམས་ཀྱི་ཐོག་གདུག་རྩུབ་ཅན་གྱི་དྲག་གནོན་བྱས་པའི་གནས་ཚུལ་དེ། རང་དབང་ཅན་གྱི་རྒྱལ་ཁབ་ཚོའི་མང་ཚོགས་ཀྱི་བསམ་བློའི་ནང་ཤོང་ཁག་པོ་དང་། ཡིད་མི་ཆེས་པའི་གནས་ཚུལ་ཞིག་ཡིན་ནའང་རྒྱ་ནག་གཞུང་ནས་བོད་ནང་བོད་མིའི་ཐོག་དེ་འདྲའི་དམ་དྲག་དང་སྡུག་རྩུབ་ཅན་གྱི་སྲིད་ཇུས་ལག་བསྟར་བྱེད་པ་ནི། ད་ཆ་རྒྱུན་ལྡན་ལྟ་བུ་ཞིག་ཆགས་ཡོད་ལ། ལྷག་པར་དུ་༢༠༠༨ལོའི་རྒྱལ་སྤྱིའི་ཨོ་ལིམ་པིཀསི་(Olympics)རྩེད་འགྲན་གྱི་རྗེས་སུ་བོད་ནང་ཧ་ཅང་གི་དམ་དྲག་ཆེ་རུ་བཏང་ཡོད་པ་གསུངས་ཡོད།