ཀརྨ་པ་མཆོག་ནས་བོད་ཀྱི་གནམ་གཤིས་འགྱུར་ལྡོག་སྐོར་གྱི་རྩོམ།
2011.11.24
༄༅༎དཔལ་རྒྱལ་བ་ཀརྨ་མ་མཆོག་གིས་ལྗག་རྩོམ་ཞིག་བྲིས་གནང་བའི་ནང༌། དེང་སྐབས་བོད་ཀྱི་གནམ་གཤིས་འགྱུར་ལྡོག་གིས་རྐྱེན་པས་བོད་ས་མཐོའི་གནམ་གཤིས་ཀྱི་ཚ་དྲོད་འཕེལ་ཚད་ནི་འཛམ་གླིང་གི་རྒྱལ་ཁབ་གཞན་ལས་ཧ་ཅང་གི་མྱུར་ཡོད་པ་དང༌། དེ་ཡིས་རྐྱེན་པས་བོད་ས་མཐོའི་འཁྱགས་རོམ་ལ་ཚབས་ཆེའི་གནོད་འཚེ་འགྲོ་ཡོད་པ་མ་ཟད། ལྷག་པར་དུ་ངོས་ཀྱི་སེམས་ལ་སྐྱོ་གདུང་དྲག་པོ་སྐྱེས་ཀྱི་འདུག་ཅེས་བྲིས་གནང་ཡོད་ཅིང༌། ད་དུང་ལྗག་རྩོམ་དེའི་ནང་དུ། བོད་ཀྱི་ས་ཆ་དེ་ནི་ཨ་ཤེ་ཡའི་ཁུལ་དུ་རྒྱུགས་བཞིན་ཆུ་ཆེན་དེ་དག་གི་འབྱུང་ཁུངས་ཡིན་པ་དང༌། དཔེར་ན། བོད་ཀྱི་རིག་གཞུང་དང་འབྲེལ་བའི་རྒྱ་གར་གྱི་ཆུ་ཆེན་སེང་གེ་ཁ་འབབ་དང༌། རྨ་བྱ་ཁ་འབབ། རྟ་མཆོག་ཁ་འབབ། འབྲི་ཆུ། རྫ་ཆུ་སོགས་ཀྱི་འབྱུང་ཁུངས་ཡིན། མཚམས་རེ་བོད་ནི་འཛམ་གླིང་ནང་ནས་འཁྱགས་རོམ་མང་ཤོས་ཀྱི་གྲས་ནས་འཛམ་གླིང་གི་བྱང་སྣེ་གསུམ་པ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། གལ་ཏེ་ཨ་ཤེ་ཡའི་ཆུ་ཆེན་དེ་དག་གི་འབྱུང་ཁུངས་སྐམ་པའམ་ཡང་ན་བག་འཛོག་ཏུ་འགྱུར་བ་ཡིན་ཚེ། དེ་ཡིས་ཆུ་ཆེན་དེ་དག་ལ་བརྟེན་ནས་འཚོ་གནས་བྱེད་བཞིན་པའི་མི་དམངས་ས་ཡ་མང་པོར་འཐུང་ཆུ་མ་རགས་པའི་དཀའ་ངལ་ཚབས་ཆེ་འཕྲད་རྒྱུ་ཡིན་པ་རེད། དེའི་རྒྱུ་མཚན་ནི་བོད་ཀྱི་གནམ་གཤིས་ཀྱི་ཚ་དྲོད་ཆེ་རུ་འགྲོ་བ་ཇི་བཞིན་དུ་བོད་ཀྱི་འཁྱགས་རོམ་རྣམས་མགྱོགས་ཚད་མྱུར་པོར་བཞུ་བཞིན་ཡོད་པ་དང༌། དེས་ཡིས་རྐྱེན་གྱིས་མི་དམངས་ཚོར་འཐུང་ཆུ་མི་འདེངས་བ་དང། ཡང་ན་ཆུ་ལོག་གི་གནོད་འཚེ་འཕྲད་བཞིན་ཡོད་པ་དེ་ཡང་མ་འོངས་དུས་ཡུན་རིང་པོ་མ་ཐོག་པར་དཀའ་ངལ་དེ་ཚབས་ཆེ་རུ་འགྲོ་རྒྱུ་དང༌། དམིགས་བསལ་ཆུ་མཛོད་འཛུགས་སྐྲུན་བྱས་པ་དེ་དང༌། སེང་གེ་ཁ་འབབ་ཀྱི་གཙང་ཆུ་རྒྱ་མཚོའི་ཐོག་འབབ་ཐུབ་ཀྱི་མེད་པ་དེ་ཡིས་ད་ཆ་རྟ་མཆོག་ཁ་འབབ་གཙང་ཆུའི་གནས་སྟངས་ཧ་ཅང་གི་ཉེན་ཁ་ཆེན་པོར་གནས་ཡོད་པའི་སྐོར་གསུངས་ཡོད་པ་རེད། ད་དུང་རྒྱལ་ཀརྨ་པ་མཆོག་གིས། ནང་པའི་རྗེས་འཇུག་པ་ཚོར་སེམས་ཅན་གྱི་ཤ་ཟ་མི་དགོས་པར་དཀར་ཟས་དང་ཚལ་རིགས་ཟ་རྒྱུར་དོ་སྣང་བྱེད་དགོས་པའི་འབོད་སྐུལ་གནང་སྟེ། བརྗིད་ཉམས་ཆེ་བའི་སེམས་ཅན་སྟག་གི་པགས་པ་དང་དེའི་གཟུགས་པོའི་ཆ་ཤས་མིའི་དགོས་མཁོར་བེད་སྤྱོད་གཏོང་རྒྱུ་ཁོ་ནའི་ཆེད་དུ་བསད་དྲག་པའི་རྐྱེན་གྱིས་ད་ཆ་སྟག་རྩ་སྟོང་འགྲོ་རྒྱུའི་ཉེན་ཁ་གཟིགས་ཀྱི་ཡོད་པ་དང༌། བྱེད་སྟངས་དེ་ཚོ་ཚང་མ་ནི་དགོས་ངེས་ཀྱི་ནང་པའི་ལྟ་གྲུབ་ཅིག་མིན་ལ་བྱམས་སེམས་མེད་པ་ཞིག་རེད་ཅེས་གསུངས་ཡོད་པ་རེད།།