ནེའུ་ཡོག་ཏུ་ཨ་རིའི་གྲོས་ཚོཊ་འཐུས་མི་དབུ་བཞུཊ་ཐོག་བོད་དོན་གྲོས་མོལ་ཚོགས་འདུ་ཚོགས་འདུག
2019.07.22

ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་ནིའུ་ཡོག་དུ་ཕེབས་ནས་བོད་མི་དང་མཉམ་བོད་དོན་གྲོས་མོལ་གྱི་ཚོགས་འདུ་ཚོགས་གནང་འདུག
དེ་ཡང་ཕྱི་ཟླ་བདུན་པའི་ཚེས་ ༢༡ ་ཉིན། ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ཇེམ་སི་མེཀ་གོ་ཝན་(James McGovern )་ལགས་དང་། གྲོས་ཚོགས་འཐུས་མི་ཐོ་མ་སི་སོ་ཛེ་(Thomas Suozzi )གཉིས་གཙོ་བྱས་པའི་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་མི་ཁག་ཅིག་དང་། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་བཅས་ནེའུ་ཡོག་ལ་ཕེབས་ནས། ཨ་རིའི་གཞུང་གིས་བོད་དོན་ཐོག་འཛིན་པའི་སྲིད་བྱུས་ཁག་ཅིག་གི་སྐོར་ལ་འགྲེལ་བཤད་དང་། མི་མང་གིས་དྲི་བར་ལན་འདེབས། ད་དུང་དགོངས་ཚུལ་གསུང་བར་ཉན་ཞིབ་ཀྱིས་བོད་དོན་ཆེད་གྲོས་མོལ་ཚོགས་འདུ་ཞིག་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་དུ་ཚོགས་གནང་སོང་།
ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ཇེམ་སི་མེཀ་གོ་ཝན་(James McGovern )་ལགས་ཀྱིས། འདི་ལོ་ནི་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གཙོ་བྱས་པའི་བོད་མི་མང་པོ་བཙན་བྱོལ་ལ་ཕེབས་དགོས་བྱུང་ནས་མི་ལོ་༦༠ ་འཁོར་བའི་དུས་དྲན་གལ་ཆེན་ཞིག་དང་། ཨ་རིའི་གྲོས་ཚོགས་ཀྱི་ངོས་ནས་༧གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་བར་གྲོས་མོལ་ཡོང་ཐབས་དང་། བོད་ཀྱི་ཁོར་ཡུག་དང་ཆུའི་ཐོན་ཁུངས་ལ་སྲུང་སྐྱོབ་ཡོང་བར་སྔར་ལྷག་པའི་ཤུགས་སྣོན་རྒྱག་རྒྱུ་ཡིན་པ་མ་ཟད། ཨ་རིའི་བཟོ་ལས་ཁང་གིས་བོད་ནང་དུ་ལས་ཀ་བྱེད་ཚེ། བོད་ཀྱི་རིག་གཞུང་ལ་བརྩི་བཀུར་དང་། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཐོག་ཉམས་འཇོག་བྱེད་རྒྱུར་ལམ་སྟོན་བྱེད་ཀྱི་ཡིན་ཞེས་གསུང་གནང་སོང་།
ཡང་། ཨ་རིའི་ངོས་ནས་བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་ཀྱི་སྒྲིག་འཛུགས་ལ་མཐུན་སྦྱོར་རོགས་རམ་མུ་མཐུད་ནས་བྱེད་རྒྱུ་དང་། བོད་ཀྱི་ནང་པའི་དབུ་ཁྲིད་ཀྱི་ཡང་སྤྲུལ་ལམ་ལུགས་དེ་ནི། དམིགས་བསལ་ཆོས་ལུགས་ཀྱི་གནད་དོན་ཞིག་ཡིན་པས། འབྱུང་འགྱུར་༧གོང་ས་མཆོག་གི་སྐུའི་ཡང་སྲིད་སྐོར་ལ་བོད་ཀྱི་ནང་པའི་ལྷན་ཚོགས་ཀྱི་ཐག་གཅོད་བྱེད་དགོས་པ་ཞིག་ལས། རྒྱ་ནག་གིས་ཐེ་གཏོགས་བྱེད་རྒྱུར་མི་འོས་པ་ཡིན་པ་གསལ་འདོན་བྱེད་རྒྱུ་དང་། བོད་ནང་ཕར་འགྲོ་ཚུར་འོང་འདྲ་མཉམ་གྱི་ཁྲིམས་འཆར་དེ་ཨ་རིའི་གཞུང་གིས་གཏན་འབེབས་བྱས་ཟིན་པ་བཞིན་འབྱུང་འགྱུར་ཡང་། བོད་ཀྱི་སྲིད་ཇུས་ཐོག་ནུས་ཤུགས་ཆེ་རུ་གཏོང་དགོས་པའི་ཁྲིམས་འཆར་གསར་བ་འདོན་རྒྱུ་ཡིན་པའི་སྐོར་གསུང་གནང་སོང་།
དེ་བཞིན་གྲོས་ཚོགས་འཐུས་མི་ཐོ་མ་སི་སོ་ཛེ་(Thomas Suozzi )་ལགས་ཀྱིས། རྒྱ་ནག་གཞུང་གིས་ཉེ་བའི་ཆར་བོད་ནང་གི་ཡ་ཆེན་སྒར་དང་བླ་རུང་སྒར་གཉིས་ནས་གྲྭ་བཙུན་སྟོང་ཕྲག་མང་པོ་ཕྱིར་འབུད་བཏང་ནས། རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤྲད་བཞིན་པའི་གནས་ཚུལ་དང་འབྲེལ་ནས་རྒྱ་ནག་གིས་བོད་ཀྱི་ཆོས་ལུགས་ཐོག་དམ་དྲག་ཤུགས་ཆེན་བྱེད་བཞིན་པ་འདི་ནི་ཛ་དྲག་པོའི་གནས་སྟངས་ཤིག་ཡིན་པས། ཁོང་གིས་ནུས་པ་གང་ཡོད་ཀྱིས་བོད་དོན་ཐོག་ཤུགས་རྒྱག་གི་ཡིན་ཞེས་གསུང་གནང་སོང་།
ཚོགས་འདུའི་མཇུག་ཏུ་མི་དམངས་ཚོའི་དྲི་བ་དང་བསམ་ཚུལ་མང་པོ་གསུངས་བའི་ནང་དུ་། ༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་ཐབས་དང་། ཨ་རི་གཞུང་གིས་བོད་མིའི་སྒྲིག་འཛུགས་དེ་བཙན་བྱོལ་བོད་གཞུང་ལ་ངོས་འཛིན་བྱེད་དགོས་པ། བོད་རང་བཙན་ཐོག་རྒྱབ་སྐྱོར་གནང་དགོས་པའི་དགོངས་ཚུལ་ཁག་ཅིག་གསུང་མཁན་བྱུང་སོང་།
ཡང་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ནས། ཨ་རིའི་གྲོས་ཚོགས་འཐུས་མི་དང་མི་མང་བར་ཚོགས་འདུ་ཚོགས་གནང་བའི་ཕན་ཐོགས་ཆེན་པོ་བྱུང་སོང་ཞེས་གསུང་སོང་།
ཡང་ཚོགས་བཅར་བ་བསྟན་འཛིན་ཚེ་དབྱངས་ལགས་ནས། ཚོགས་འདུ་འདི་བརྒྱུད་ནས་ཨ་རིའི་མི་སེར་ཡིན་པའི་བོད་མི་ཚོ་དང་། བཙན་བྱོལ་གྱི་བོད་མི་ཚོའི་ངོས་ནས་སྔར་ལས་ལྷག་པའི་ལས་འགན་བསྒྲུབ་རྒྱུ་ཡོད་པ་སོགས་གསལ་བོར་ཤེས་རྟོགས་བྱུང་བ་ངོ་སྤྲོད་གནང་་བྱུང་།
ཐེངས་འདིའི་ཚོགས་འདུ་འདི་ནི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ངོས་ནས་གོ་སྒྲིག་བྱས་པ་ཞིག་ཡིན་པ་དང་། ཚོགས་འདུའི་སར་རྩོམ་པ་པོ་དང་། བོད་དོན་ལས་འགུལ་བ་བཅས་ས་གནས་ཀྱི་བོད་མི་བརྒྱ་སྐོར་ཞིག་འཛོམས་འདུག