བོད་ནང་གི་ད་ལྟའི་གནས་སྟངས་རྒྱལ་ཚོགས་ལ་སྙན་སེང་ཞུས་འདུག
སུད་སི་སྐུ་ཚབ་དོན་གཅོད་ཁང་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གཞུང་འབྲེལ་མིན་པའི་ཚོགས་པའི་མིང་ཐོག་ནས་བོད་ནང་གི་གནས་སྟངས་རྒྱལ་ཚོགས་ལ་སྙན་སེང་ཞུས་འདུག
དེ་ཡང་སྤྱི་ཟླ་༣པའི་ཚེས་༡༥ཉིན་སུད་སི་སྐུ་ཚབ་དོན་ཁང་གི་རྒྱལ་ཚོགས་འབྲེལ་མཐུད་པ་སྐལ་ལྡན་མཚོ་མོ་ལགས་ཀྱིས་(Society For Threaten People)ཞེས་པའི་གཞུང་འབྲེལ་མིན་པའི་ཚོགས་པའི་མིང་ཐོག་ནས་བོད་ནང་གི་གནས་སྟངས་རྒྱལ་ཚོགས་ལ་སྙན་སེང་ཞུས་ཡོད་པ་དང་། སྐལ་ལྡན་མཚོ་མོ་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་དུ་གནས་ཚུལ་ངོ་སྤྲོད་གནང་བ་ལྟར་ན། ཁོང་མོས་རྒྱལ་ཚོགས་སུ་བོད་ནང་གི་ད་ལྟའི་གནས་སྟངས་ངོ་སྤྲོད་བྱས་ནས། གཙོ་བོ་རྒྱ་ནག་ཝུའུ་ཧན་ནས་མཆེད་པའི་(Covid-19)ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན། འཛམ་གླིང་སྤྱི་ཡོངས་སུ་ཁྱིམ་སྡོད་བཀའ་རྒྱ་དང་ཟུར་བཀག་གི་གནས་སྟངས་འོག་འདུག་དགོས་པའི་དཀའ་ངལ་འཕྲད་བཞིན་པ་ལྟར། བོད་ནང་དེ་ལས་ལྷག་པར་མི་ལོ་༦༠ལྷག་གི་རིང་འགྲོ་བསྐྱོད་རང་དབང་མེད་པར་རྒྱ་ནག་གི་སྟངས་འཛིན་དབང་བསྒྱུར་འོག་དཀའ་སྡུག་མང་པོ་མྱོང་བཞིན་པ་དང་། ཐ་ན་༧གོང་ས་མཆོག་གི་སྐུ་པར་ཙམ་ཡང་ཉར་ཆོག་གི་མེད་པ། རང་དབང་མེད་པར་ལྷག་ཡོད་པ་དང་། ཞིང་འབྲོག་མང་ཚོགས་ཀྱི་འཚོ་བར་དོ་ཕོག་དང་། ཁོར་ཡུག་གཏོར་སྐྱོན། སྐད་ཡིག་རིག་གཞུང་རྩ་མེད་གཏོང་བཞིན་པའི་སྲིད་ཇུས་འོག་ད་བར་བོད་མི་༡༥༥ལྷག་གིས་རང་ལུས་མེར་སྲེག་བཏང་ནས་ཞི་རྒོལ་བྱས་ཡོད་པ་སོགས་སྙན་སེང་ཞུས་ཡོད་འདུག།
ཡང་ཁོང་གིས་མ་འོངས་རྒྱལ་ཚོགས་ཀྱི་སྐུ་ཚབ་འཐུས་མི་རྒྱ་ནག་ནང་ཕེབས་རྒྱུའི་འཆར་གཞི་ཡོད་པ་བཞིན། གལ་ཏེ། ཕེབས་ཐུབ་པ་ཡིན་ན་ངེས་པར་དུ་བོད་ནང་དུ་ཕེབས་དགོས་པ་དང་། གལ་ཏེ་ཕེབས་མ་ཐུབ་པ་ཡིན་ན་བོད་ནང་གི་དངོས་ཡོད་གནས་སྟངས་མཁྱེན་རྟོགས་ཐུབ་རྒྱུ་ཁག་པོ་ཡིན་ལུགས་སྙན་སེང་ཞུས་གནང་བ་དང་། རྒྱལ་ཚོགས་ཀྱི་ཚོགས་འདུ་དེ་བརྒྱུད་ནས་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོར་བསམ་ཡུལ་ལས་འདས་པའི་སྡུག་སྦྱོང་གཏོང་བཞིན་ཡོད་པ་དེ་དག་འཕྲལ་དུ་མཚམས་འཇོག་དགོས་པ་དང་། རྒྱལ་ཚོགས་ཀྱི་རྟོགས་ཞིབ་མི་སྣ་ཚོ་ངེས་པར་དུ་བོད་ནང་ཕེབས་འཇུག་དགོས་ཀྱི་འདུག་ཅེས་འབོད་སྐུལ་བྱས་འདུག
རྒྱལ་ཚོགས་ཀྱི་ལྷན་ཚོགས་ཐོག འཛམ་གླིང་གི་ཡུལ་གྲུ་ཁག་གི་འགྲོ་བ་མིའི་ཐོབ་ཐང་ཐོག་ཐུགས་སྣང་ཞེས་པའི་ཚོགས་འདུའི་སྐབས། ཇར་མཎ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་(Kai Mueller)ལགས་ནས་ཀྱང་། རྒྱ་ནག་གཞུང་གིས་བོད་མི་རིགས་ཀྱི་ནང་ཆོས་དང་འབྲེལ་བའི་དད་སེམས་ལ་བསྒྱུར་བཅོས་གཏོང་ཐབས་ཀྱི་ཐབས་ཤེས་འདྲ་མིན་ལག་བསྟར་བྱེད་བཞིན་ཡོད་པའི་གནས་ཚུལ་ཁག་ཅིག་རྒྱལ་ཚོགས་ལ་སྙན་སེང་ཞུས་ཡོད་འདུག