རྒྱ་ནག་གཞུང་གིས་བོད་མིའི་ཆབ་སྲིད་དང་སྤྱི་དམངས་སོགས་ཀྱི་ཐོབ་ཐང་ཁག་རྩིས་མེད་རྡོག་རོལ་བཏང་འདུག

2021.04.26
རྒྱ་ནག་གཞུང་གིས་བོད་མིའི་ཆབ་སྲིད་དང་སྤྱི་དམངས་སོགས་ཀྱི་ཐོབ་ཐང་ཁག་རྩིས་མེད་རྡོག་རོལ་བཏང་འདུག བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཞིབ་འཇུག་སྙན་ཐོ། ༤།༢༦།༢༡
སྒྲིག་བཟོ།/RFA/TCHRD

རྒྱ་ནག་གཞུང་གིས་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཟེར་བར་ཁ་གཡར་ཏེ་བོད་མིའི་ཆབ་སྲིད་དང་སྤྱི་དམངས་སོགས་ཀྱི་ཐོབ་ཐང་ཁག་རྩིས་མེད་རྡོག་རོལ་བཏང་ཡོད་པ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཞིབ་འཇུག་སྙན་ཐོ་བཏོན་འདུག
བཞུགས་སྒར་རྡ་རམ་སཱ་ལར་ཡོད་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་༢༠༢༠་ལོའི་ལོ་འཁོར་སྙན་ཐོ། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཞེས་མིང་བྱང་བཀོད་པའི་ཤོག་གྲངས་༧༡་ཅན་གྱི་སྙན་ཐོ་ཞིག་འདི་ཚེས་༢༦་ཉིན་འདོན་སྤེལ་བྱས་བའི་ནང་། རྒྱ་ནག་གཞུང་གིས་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཟེར་བར་ཁ་གཡར་ཏེ་བོད་ནང་གི་བོད་མིའི་ཆབ་སྲིད་དང་། སྤྱི་དམངས། དཔལ་འབྱོར་དང་སྤྱི་ཚོགས། རིག་གཞུང་སོགས་ཀྱི་ཐོབ་ཐང་ཁག་རྩིས་མེད་རྡོག་རོལ་བཏང་ཡོད་པ་ཐེར་འདོན་བྱས་འདུག་ལ། རྒྱ་ནག་གཞུང་གིས་ཞི་བའི་ཐོག་ནས་དམར་ཤོག་སྲིད་གཞུང་གི་ཆབ་སྲིད་ལྟ་སྤྱོད་ལ་མི་འདོད་པའི་རྣམ་འགྱུར་སྟོན་མཁན་ཚང་མར་འཆར་གཞི་དང་ལྡན་པའི་ཐོག་ནས་དྲག་གནོན་ཁྱབ་ཆེར་བཏང་སྟེ། བོད་མི་ཚོའི་སྨྲ་བརྗོད་རང་དབང་ཐད་དམ་དྲག་ཤུགས་ཆེར་བྱས་དང་བྱེད་མུས་ཡིན་པ་ཡང་གསལ་སྟོན་བྱས་འདུག
ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། དེང་སྐབས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་སོང་ཡོད་པ་དང་། ཞི་ཅིན་ཕིན་རྒྱ་ནག་དམར་ཤོག་རྒྱལ་ཁབ་ཀྱི་གཙོ་འཛིན་དུ་བསྐོས་པའི་རྗེས། བོད་ནང་ཆབ་སྲིད་དྲག་གནོན་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་དེ་ནི་“འགྲོ་བ་མིའི་རིགས་ལ་རྒོལ་བའི་ཁྲིམས་འགལ་ནག་ཉེས་”ཀྱི་གནས་ཚད་ཆགས་པའི་ཁར། ཁྲིམས་འགལ་གྱི་བསམ་སྦྱོར་དང་གང་བྱུང་བཀག་སྐྱིལ་ཁྱབ་ཆེར་བཏང་ཡོད་པ་འགྲེལ་བརྗོད་གནང་སོང་།
ཡང་རྒྱ་ནག་གཞུང་གིས་༢༠༢༠་ལོའི་སྤྱི་ཟླ་༥་པའི་ཚེས་༡་ཉིན་བོད་ནང་དུ་མི་རིགས་མཐུན་སྒྲིལ་སྲོལ་ཡིག་ཟེར་བ་ཞིག་དངོས་སུ་ལག་བསྟར་བྱས་ཡོད་པ་དང་ཕྱོགས་མཚུངས། གོང་ཞུས་སྙན་ཐོ་དེའི་ནང་མི་རིགས་མཐུན་སྒྲིལ་སྲོལ་ཡིག་ཟེར་བ་ནི། མི་རིགས་རྒྱ་བསྒྱུར་ཤུགས་ཆེར་དང་ཁྱབ་སྤེལ་གཏོང་ཐབས་ཀྱི་སྲིད་བྱུས་ཤིག་ཡིན་པ་དང་། སྲིད་བྱུས་དེ་ནི་ཞི་ཅིན་ཕིན་གྱི་མི་རིགས་ཁག་ཚང་མ་ཀྲུང་ཧྭ་མི་རིགས་གཅིག་གི་ངོ་བོར་བསྒྱུར་ཐབས་ཀྱི་ལས་འགུལ་ཞིག་ཡིན་པའི་ཁར། འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་གལ་ཆེ་ཞིག་ཡིན་པ་གསལ་སྟོན་བྱས་འདུག་པ་མ་ཟད། དེ་སྔ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བོད་ནས་བོད་མི་ཞིག་གིས་གནས་ཚུལ་ངོ་སྤྲོད་གནང་བའི་ནང་། རྒྱ་ནག་གཞུང་གིས་བོད་གཞིས་ཀ་རྩེ་ཁུལ་དུ་མི་རིགས་མཐུན་སྒྲིལ་སྲོལ་ཡིག་ཟེར་བ་ལག་བསྟར་དང་འབྲེལ་ནས་བོད་མི་ཚོར་བཙན་གྱིས་སློབ་གསོ་དང་ཚོགས་འདུའི་རིགས་བསྐོང་ཚོགས་བྱེད་བཞིན་ཡོད་པ་འགྲེལ་བརྗོད་བྱས་ཡོད་པ་རེད།
ཡང་རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པ་ནག་སེལ་གཤེད་བཅོམ་ཟེར་བའི་ལས་འགུལ་སྤེལ་ཏེ། བོད་ས་ཁྱོན་ཡོངས་སུ་བོད་མི་མང་པོ་ཞིག་འཛིན་བཟུང་བཀག་ཉར་བྱས་ཡོད་ལ། སྙན་ཐོ་དེའི་ནང་དུ་ཡང་སྤྱི་ལོ་༢༠༢༠ལོའི་སྤྱི་ཟླ་༡༠་པའི་ནང་ས་གནས་ཡུལ་མིས་བརྩི་བཀུར་བྱེད་ཡུལ་སྤྱི་ཚོགས་ཀྱི་འགོ་ཁྲིད་༡༠་ལ་མི་ལོ་༩་ནས་༡༤་བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་དེ་བོད་མི་དེ་དག་ལ་རྒྱལ་ཁབ་འཛུགས་བསྐྲུན་ལ་འགོག་རྐྱེན་བཟོས་ཡོད་ལུགས་སོགས་ཀྱི་ནག་ཉེས་བཙུགས་ཡོད་པ་ཐེར་འདོན་བྱས་འདུག་པ་མ་ཟད། ༢༠༢༠་ལོའི་སྤྱི་ཟླ་༡་པོའི་ནང་ནག་ཆུ་ས་ཁུལ་སོག་རྫོང་གི་ཡུལ་མི་༡༢་ཙམ་ལས་འགུལ་དེའི་མིང་ཐོག་ནས་བཙོན་འཇུག་བྱས་ཡོད་པ་གསལ་སྟོན་བྱས་འདུག་ཅིང་། ཚེ་རིང་མཚོ་མོ་ལགས་ཀྱིས། ནག་སེལ་གཤེད་བཅོམ་ལས་འགུལ་ཟེར་བ་དེ་ནི། གཙོ་བོ་དམར་ཤོག་སྲིད་གཞུང་གི་ཆབ་སྲིད་ལྟ་སྤྱོད་དང་མི་མཐུན་མཁན་ཆ་ཚང་ཚར་གཅོད་གཏོང་ཐབས་སུ་དམིགས་པ་ཞིག་ཡིན་པ་འགྲེལ་བརྗོད་གནང་སོང་།

གཞན་ཡང་སྙན་ཐོ་དེའི་ནང་། རྒྱ་ནག་གཞུང་གིས་བོད་ནང་བོད་ཀྱི་སྐད་ཡིག་སློབ་གསོའི་ལམ་ལུགས་རྩིས་མེད་བཏང་ནས་སྐད་གཉིས་སློབ་གསོ་ཟེར་བ་བཙན་སྤེལ་གྱིས། མི་རིགས་རྒྱ་བསྒྱུར་དང་རིག་གནས་རྒྱ་བསྒྱུར་གཏོང་ཐབས་ཀྱི་སྲིད་བྱུས་སྤེལ་བཞིན་པ་ནི། རྒྱ་ནག་གཞུང་གིས་བསྟུད་མར་བོད་མིའི་སྲིད་དོན་དང་རིག་གཞུང་ངོ་བོ་བཅས་པར་སིམ་འཛུལ་བྱེད་མུས་ཀྱི་བདེན་དཔང་ཆགས་ཡོད་པ་དང་། རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་དབྱེ་འབྱེད་ཀྱིས། རྒྱ་ནག་རང་ཉིད་ཀྱི་སྲིད་བྱུས་གཞིར་བཟུང་མི་རིགས་གཅིག་དང་སྐད་ཡིག་གཅིག་གི་ཐོག་ནས་ཀྲུང་གོ་རྒྱལ་ཁབ་ཟེར་བ་གཅིག་བསྒྱུར་བཟོ་ཐབས་ཀྱི་ལས་དོན་གཞི་རྒྱ་ཆེན་པོ་ཞིག་ཡིན་པ་འཁོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎